སྲིད་གྲོས་སྐབས་13པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་ཚུགས།

སྐལ་ཐུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 01-22


སྤྱི་ཟླ་དང་པོའི་ཚེས་21ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་རེད།

ཚོགས་ཆེན་ཐོག་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཐེན་ཞང་ལི་ཡིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་འཐུས་ཚབ་བྱས་ནས་ལས་ཀའི་སྙན་ཞུ་ཕུལ།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། འདས་མ་ཐག་པའི་2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་འགོ་རྩོམ་པའི་ལོ་ཞིག་ཡིན་ལ། སི་ཁྲོན་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན། ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་བརྟན་འགྱུར་མེད་ངང་བསྐུལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་གྲུབ་ཅིང་། དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6ལས་བརྒལ་བ་དང་། སི་ཁྲོན་བཅོས་སྐྱོང་དར་སྤེལ་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་ཞིང་། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཡག་པོ་བཙུགས་ཐུབ་ཡོད།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། 2023ལོར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་བྱས་ཡོད། 2023ལོར་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་ནས་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་དང་ལག་བསྟར་ཐབས་ལམ་སྔར་བས་མངོན་གསལ་དོད་པོས་འཐུས་ཚང་དུ་བཏང་ཡོད། 2023ལོར་ང་ཚོས་ཁྲེང་ཡུས་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། “ཕན་ཚུན་ནུས་སྤྲོད་དང་། ཕྱོགས་མཐུན་གོང་འཕེལ”ཐད་འགག་སྒྲོལ་གསར་པ་བྱུང་ཡོད། 2023ལོར་ང་ཚོས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་དེ་སླར་གསོ་དང་ལེགས་སུ་ཕྱིན་ཡོད།2023ལོར་ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། 2023ལོར་ང་ཚོས་ཤུགས་ཆད་མེད་བརྒྱབ་སྟེ་དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་བཏང་བས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2023ལོར་ང་ཚོས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་པར་ཤུགས་བརྒྱབ་སྟེ་མཐུན་སྒྲིལ་ཡར་བརྩོན་གྱི་དྲང་ནུས་དང་སྙིང་སྟོབས་གཅིག་སྡུད་གང་ལེགས་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན། ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ཞིང་། སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་གྱི་དཀའ་སྤྱད་འབད་བརྩོན་ལས་བྱུང་བ་རེད།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་75འཁོར་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དམིགས་འབེན་ལས་འགན་མངོན་དུ་འགྱུར་བའི་འགག་རྩའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཀྱང་ཡིན་པས། བསྒྱུར་བཅོས་དང་འཕེལ་རྒྱས། བརྟན་ལྷིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ལྡན་པ་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་ཇུས་འགོད་གནང་བའི་འཆར་གཞི་བརྗིད་ཆེན་དེ་དོན་དངོས་བཟང་པོར་བསྒྱུར་བར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་སླར་ཡང་བསྐྱོད་པ་དང་དྲིན་ཚོར་ཡར་བརྩོན་གྱིས་ལེའུ་གསར་པ་བརྩམ་དགོས་ཤིང་། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་མཉམ་དུ་དེའི་ཆེད་འབད་འཐབ་ཧུར་ཐག་བྱ་དགོས། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་བསྐྱང་བ་དང་། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་ཆད་ལུས་མེད་པར་དོན་ཐོག་འཁྱོལ་བའི་འགན་ལེན་བྱ་དགོས། ངེས་ཤུགས་སྲུང་འཛིན་བྱེད་ཅིང་བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དམ་དུ་བཟུང་སྟེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དེ་དུས་རབས་གསར་པའི་གནས་ལུགས་བཙན་པོར་བརྩིས་ནས“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་དེ་བས་ལེགས་པའི་སྒོ་ནས་སྤུས་འབོར་གཉིར་འཕར་ཡོང་བ་བྱ་དགོས། ཤུགས་ཡོད་ཚད་དང་བརྩེ་སེམས་ཆེན་པོས་དམངས་འཚོར་ཕན་པ་གདགས་དགོས་པ་དང་། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་ཅིང་། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་དེ་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ ཕན་ཐོགས་པ་བྱ་དགོས། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་མཐིལ་ཚད་བརྟན་དུ་བསྲུངས་ནས་ཉེན་མེད་ཡོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་གནོད་འགོག་གནོད་སྐྱུང་། ཉེན་མེད་ཐོན་སྐྱེད། ཉེན་ཁ་ཟོན་སེལ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་དམ་ནན་ཡག་པོ་བྱེད་ཅིང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཕན་འབྲས་ཆེ་བ་བྱས་ནས་བདེ་འཇགས་ཀྱི་གནས་བབ་གསར་པས་འཕེལ་རྒྱས་ཀྱི་གནས་བབ་གསར་པར་འགན་ལེན་བྱ་དགོས། ཚད་ཆེས་ཆེ་བའི་སྒོ་ནས་སེམས་ནུས་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཞིང་། བསམ་མཐུན་ཤུགས་འགྲིག་གིས་གཏན་ལ་ཕབ་པའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་དགོས།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། དུས་རབས་གསར་པའི་རྒྱང་སྐྱོད་ལམ་གསར་དུ་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་བར་མི་དམངས་སྲིད་གྲོས་ལ་འཇོན་ནུས་འདོན་ས་ཧ་ཅང་ཆེན་པོ་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིམ་ཁག་རྩ་འཛུགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཅོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལག་ལེན་ནན་ཏན་བསྟར་བ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་ཅིང་། གྲོས་མོལ་སྐུལ་རེས་ཤུགས་ཆེན་དང་བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་བྱེད་པའི་ཆུ་ཚད་མུ་མཐུད་དེ་མཐོ་རུ་བཏང་ནས་སི་ཁྲོན་བསྒྱུར་བཅོས་དང་འཕེལ་རྒྱས་ལ་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས། སྲིད་གྲོས་ཨུ་ཡོན་རྒྱ་ཆེན་གྱིས་ཆབ་སྲིད་སྟངས་འཛིན་དང་བརྟག་དཔྱད་ཞིབ་འཇུག། མང་ཚོགས་དང་འབྲེལ་གཏུག །མཉམ་ལས་མཉམ་སྒྲུབ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལས་ཕྱོད་ཆེ་བའི་སྒོ་ནས་འགན་འཁྲི་སྒྲུབ་པའི་ཐོག་ནས་རྣམ་པ་གསར་པ་མངོན་པ་བྱ་དགོས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་སྤྱི་ཡོངས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་ཨུས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་པར་ཤུགས་བརྒྱབ་ནས་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ལས་དོན་སྤེལ་བར་མཐུན་རྐྱེན་བསྐྲུན་དགོས། སྲིད་གྲོས་ཀྱི་ཏང་ཚན་ཁག་རིམ་པ་ཁག་གིས་ཁ་ཕྱོགས་སྟངས་འཛིན་དང་ཁྱོན་ཡོངས་ལ་དོ་དམ། དོན་ལ་འཁྱོལ་བར་འགན་ལེན་བཅས་ཀྱི་ནུས་པ་གལ་ཆེན་སྔར་ལས་ལྷག་པར་བཏོན་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མི་དམངས་སྲིད་གྲོས་སུ་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1