དེ་ཡང་གངས་དཀར་དུང་གི་ཕྲེང་བས་ཟླུམ་པོའི་དབྱིབས་ཀྱིས་བསྐོར་བའི་འཛམ་གླིང་གོ་ལའི་ཡང་རྩེར་ཏོག་ཏུ་འཕགས་པའི་སཱ་ལའི་སྨན་གྱི་ལྗོངས་ཆེན་པོར། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ། འབྲི་ཟླ་སྤོ་འབོར་སྒང་གི་ཆར་གཏོགས། ཁམས་པའི་ཕོ་རྒོད་གྲོང་ཞེས་གྲགས་པ་དང་བསྟོད་པས་སྤུད་ཅིང་ཀྲུང་གོ་བེ་ཤའི་ཡུལ་མཆོག་ཏུ་གྲགས་པའི་མཛེས་སྡུག་ཉག་ཆུ་ཁའི་ཕང་བར། ཀུན་གསལ་ཡངས་པའི་ངོས་སུ་རྟ་བདུན་དབང་པོའི་བཞིན་རས་རྣམ་པར་བཀྲ་བའི་འོག་ན་རི་ཆུ་ནགས་གསུམ་གྱི་མཚར་སྡུག་ལ་ས་གནས་མི་རིགས་ཀུན་གྱིས་བསྔགས་བརྗོད་ཀྱི་པི་ཝང་རྣམ་པར་དཀྲོལ་བའི་སྡེ་ཚྭ་གཡང་སྡེ་ཕྱུག་མོའི་སྣོད་བཅུད་ཀྱི་ལོ་རྒྱུས་རགས་ཙམ་གླེང་སྟེ། སྡེ་ཚྭ་ཡུལ་ཚོ་ནི་ཀྲུང་གོ་ཉག་ཆུ་རྫོང་གི་ནུབ་རྒྱུད་དུ་ཆགས་པའི་གཙོ་གནས་ཀྱི་ཡུལ་ཚོ་ཞིག་ཡིན་ཞིང་། རྫོང་ནས་སྤྱི་ལེ༡༢༣ཡོད་ཅིང་། ཡུལ་ཚོ་སྤྱི་ཡི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༦༡༣.༡༢ཡོད། ཡུལ་ཚོ་ཧྲིལ་བོ་ཚོ་ཁག་ལྔ་རུ་བགོས་ཏེ། གནའ་སྐྱིད་གྲོང་དང་། ཁྲོམ་མདོ་གྲོང་། སྨྱུག་སྡེ་གྲོང་། པུ་རྫི་གྲོང་། འདུས་གྲོང་བཅས་ལྔ་དང་། ད་དུང་རི་བོ་དགེ་ལྡན་པའི་གྲུབ་མཐའ་ཡིས་འདུས་སྡེ་སྐྱོང་བའི་བྱང་སེམས་འཕེལ་རྒྱས་གླིང་ཞེས་དགོན་སྡེ་གཅིག་བཅས་ལས་ཁྱོན་སྡོམ་དུད་ཚང༣༢༤དང་། མི་གྲངས༡༨༣༤ཡོད།
སྤྱི་ལོ༡༩༧༨ལོར་གཅིག་གྱུར་སྒོ་འབྱེད་བྱས་པ་ནས་ད་བར་ལོ༤༡ཙམ་གྱི་རིང་ལ་ཏང་དང་རྒྱལ་ཁབ་ཀྱིས་བརྩེ་གཟིགས་ཆེན་པོས་སྡེ་ཚྭ་ཡུལ་ཚོའི་དངོས་ཡོད་འཚོ་བའི་ལོ་རྒྱུས་ལ་གོམ་པ་རིམ་བགྲོད་ཀྱིས་འཛུགས་སྐྲུན་དང་འཕེལ་རྒྱས་བླ་ན་མེད་པ་བཏང་ཡོད། ཡུལ་ཚོ་སྤྱི་ཡི་སྟོད་སྨད་བར་གསུམ་དུ་ལམ་མེད་སར་གཞུང་ལམ་གྱི་འཛུགས་སྐྲུན་ལ་འགྲོ་གྲོན་འབོར་གྲངས་ཆེན་པོས་ལ་ལུང་ཀུན་ཏུ་འགྲིམ་འགྲུལ་གྱི་རྒྱུ་ལམ་ཡངས་པོར་བཏོད་ནས་ས་གནས་མི་ཚོགས་ལ་འཚོ་ཐབས་ཀྱི་དཀའ་ངལ་མང་པོ་སེལ་ཐབས་བྱས་ཡོད། ཞིང་འབྲོག་མི་དམངས་ཚོའི་འཐུང་ཆུའང་དུད་ཚང་རེ་རེའི་སྒོ་རྩར་ཁྲིད་ཡོད་པ་དང་། ཀྲུང་གོའི་ཁྱེར་འཕྲིན་དང་གློག་འཕྲིན། གཞུང་དྲྭ་དང་བཅས་ཡུལ་ཚོ་སྤྱིའི་ལོངས་སྤྱོད་དུ་གསར་སྐྲུན་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཐད་ལ་སྟབས་བདེ་ཞིང་བཀོལ་སྤྱོད་མང་བའི་ཆ་རྐྱེན་སྣ་མང་བསྐྲུན་ཡོད་པས་ཏང་རྒྱལ་ཁབ་དང་ས་གནས་མི་དམངས་བར་བློ་བརྟན་འགྱུར་མེད་ཀྱི་བརྩེ་བ་འོ་ཆུ་འདྲེས་པ་བཞིན་དུ་ཆགས་ཡོད་པར་མ་ཟད། སྡེ་ཚྭའི་ཡུལ་ཚོ་ནི་ཀྲུང་གོ་ཉག་ཆུ་རྫོང་གི་མ་འོངས་ཕུགས་འདུན་གྱི་ཐད་ལ་འཕེལ་རྒྱས་དང་རྩ་ཆེན་རང་བཞིན་གྱི་སྡེ་བ་དམིགས་བསལ་ཅན་དུ་ཆགས་ཡོད་པ་རེད།
ཡུལ་ཚོ་དིའི་རང་བྱུང་ས་ཡི་གནས་སྟངས་ནི་མཐིང་སྨུག་རྫ་རི་བརྟན་བརླིང་གི་གཏོས་ཆེ་བའི་ཉམས་ཀྱིས་བརྒྱན་པའི་རྡོ་རྗེ་བདེ་མཆོག་གི་གནས་ཁྱད་པར་ཅན་བྱིན་རླབས་ཀྱི་དྲོད་ཁོལ་མ་ཡལ་བའི་གནས་མཆོག་སྐུ་བླ་གཡུ་རྩེ་དང་། རྒྱལ་བ་རིགས་གསུམ་མགོན་པོའི་གནས་རི། བྱང་སྨད་ཨ་མྱེས་ཆེན་པོ་གནམ་འདེག་གི་ཀ་བ་ལྟར་འགྲེང་བའི་འཛམ་གླིང་ཏོག་གི་རི་རྒྱལ་ཆེན་པོས་གཙོར་བྱས་པའི་མིང་གིས་ཟིན་དང་མ་ཟིན་པའི་གནས་དང་གཞི་བདག་མཐུ་རྩལ་ཅན་བགྲང་ལས་འདས་པས་ཕྱོགས་དང་མཚམས་ནས་བསྐོར་ཞིང་། ད་དུང་ཧོར་པོ་རི་ཡི་བྲག་ཕུག་ཞལ་སྒོ་འདྲ་བ་ལས་བཀྲ་ཤིས་གཡང་མཚོའི་མཚོ་རླངས་དང་གནས་རིའི་ཁུངས་གསེང་གི་དབུགས་རླུང་འདྲེས་པ་ཕུག་འདེབས་པ་ལྟ་བུ་རྒྱུན་དུ་སྤུར་བ་གང་གི་ལུས་ལ་ཕོག་པ་དང་ཁོང་དུ་རྔུབ་པ་ཡིས་བཙོག་གྲིབ་སོགས་ནད་རིགས་མང་པོར་ཕན་པ་མྱོང་བས་གྲུབ་པ་ཤིན་ཏུ་ངོ་མཚར་བ་དང་བཅས་པར་ཆོས་དང་ཚན་རིག་གང་གིས་དཔོག་ཀྱང་བདེན་རྟགས་བསྙོན་དུ་མེད་པ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྲུབ་ཡོད། གཞན་ཡང་མ་འབེབ་རང་འཁྱིལ་གྱི་ངོ་མཚར་ཆེ་ཞིང་ཀླུ་ཆེན་བརྒྱད་ཀྱི་གནས་མལ་དུ་གྲགས་པའི་མཚོ་དཀྱིལ་རི་དང་། གངས་རྒན་མཚོ། བདེ་མཆོག་བླ་མཚོ། ཤེལ་ནང་མཚོ་ནག་མ་བཅས་བསྟེན་ན་དངོས་གྲུབ་འབྱུང་ཞིང་། གསོལ་ན་རླུང་རྟ་བསྩལ་བའི་ཆེ་ཆུང་གི་རང་གཟུགས་མངོན་པའི་མཚོ་མོ་བརྒྱ་དང་བརྒྱད་ཀྱིས་རང་བྱུང་གི་ཡོན་ཆབ་ལྟར་མཛེས་པའི་སྐྱེ་དགུའི་དཔལ་དུ་ཕྱོགས་དང་མཚམས་ནས་འཁྱིལ་ཡོད་པ་དང་། གཡུ་མདོག་ནགས་ཀླུང་གིས་མཛེས་པའི་ཚང་ཚིང་ལྷུན་སྟུག་གི་རྫོང་ཆེ་བའི་ཐང་ཤིང་དང་ཤུག་པ། སྟག་མ། གླང་མ། གྲོ་བ་སོགས་འབྲས་བུ་སྨིན་དང་མི་སྨིན་པ། མེ་ཏོག་བཞད་དང་མི་བཞད་པ། འཚོ་བའི་ཡོ་བྱད་དུ་བཀོལ་རུང་དང་མི་རུང་བའི་འདྲ་མིན་ཤིང་སྣའི་རིགས་ཀྱི་དགའ་ཚལ་ལ་གཟིག་དང་དྲེད་མོང་། དོམ། སྤྱང་ཀི། འཕར་བ། གཡི་སོགས་གཅན་གཟན་སྡེར་ཆགས་ཀྱི་རིགས་དང་། ཤ་བ། གནའ་བ། དགོ་བ། ནགས་བེའུ། གླ་བ། རྒྱ། ཕག་རྒོད་སོགས་རི་སྐྱེས་རྨིག་ལྡན་གྱི་རིགས་སོགས་མ་བོས་རང་འདུས་ཀྱི་རི་སྐྱེས་སྲོག་ཆགས་འབུམ་གྱི་བརྩེ་བ་འཁོར་ཞིང་བག་ཡངས་སུ་རྒྱུ་ཞིང་། ཡངས་ཤིང་ཁྱོན་ཆེ་བའི་རྩྭ་ཐང་དུ་སྐྱེ་དགུའི་གཏེར་སྐལ་དུ་གྲུབ་པའི་རང་བྱུང་གི་ཚྭ་ཆུ་དང་། དཀར་དམར་མེ་ཏོག་མཛུམ་པའི་མཛེས་སྡུག དལ་འབབ་གཙང་ཆུ་སྔོན་མོའི་རླབས་ཕྲེང་སོགས་ཀྱིས་ཕྱོགས་བཞིའི་མགྲོན་པོའི་སེམས་ལ་སྤྲོ་བ་དང་བདེ་སྣང་བསྩལ་ནུས་པའི་རང་བྱུང་རི་ཆུ་ནགས་གསུམ་གྱི་ས་ཡི་ཁྱད་ཆོས་མ་ལུས་པ་གནས་གཅིག་ཏུ་འཛོམས་ཡོད།
དེར་སྡེ་བ་སྟོད་སྨད་བར་གསུམ་དུ་ཕྱེས་བ་ལས་སྟོད་པས་འབྲོག་པའི་འཚོ་བ་རོལ་ཞིང་མར་ཆུར་འོ་གསུམ་གྱི་རིག་གནས་བསྐྱངས་ཤིང་རྟ་ནོར་ལུག་གསུམ་གྱི་ཕྱུགས་ལས་སྤེལ་བའི་སྡེ་ཚྭ་འབྲོག་པའི་སྡེ་བ་ཞེས་ཀུན་ཏུ་གྲགས་ཏེ། འདོ་བ་རྟ་ཕོའི་འཚེར་སྒྲ་དང་། གཡང་དཀར་ལུག་གི་འབའ་སྒྲ། ཐུལ་དཀར་འབྲི་མོའི་ངུར་སྒྲ་ཡིས་རྩྭ་ཐང་ཡངས་པོའི་ལྷིང་འཇག་དཀྲོགས་ཤིང་མེས་པོ་སྦྲ་ནག་གི་ལོ་རྒྱུས་རིང་མོར་གསོན་ཤུགས་བསྐྲུན་ཡོད། བར་མས་རོང་འབྲོག་མཉམ་ལས་ཀྱི་ངལ་རྩོལ་ལ་འབད་འབུངས་བྱས་ཤིང་རང་ཁ་རང་གསོའི་འཚོ་བར་ཐབས་བརྒྱ་ཇུས་སྟོང་གི་འཚོ་ཐབས་སྤྱད་པས་སྡེ་ཚྭ་རོང་མ་འབྲོག་གི་སྡེ་བ་ཞེས་ཡོངས་སུ་གྲགས། སྨད་པས་སོ་ནམ་གྱི་ལས་ལ་གཞོལ་ཏེ་དུད་ཚང་རེས་ས་ཞིང་མུའུ་བཅུ་ཕྲག་ཁ་ཤས་གཉེར་སྤྱོད་བྱས་ཏེ་གྲོ་ནས་སྲན་གསུམ་དང་། མ་རྨོས་ལོ་ཏོག བྲ་བོ། ཞོག་ཁོག ལ་ཕུག ཉུང་མ་སོགས་སྔོ་ཚལ་ལྡུམ་བུ་དང་འབྲུའི་རིགས་སྣ་ཚོགས་བཏབ་ཅིང་རང་རང་གི་དཀའ་སྤྱད་ནུས་ཤུགས་ལ་བརྟེན་ནས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པར་རང་ཁ་རང་གིས་གསོས་བས་མ་ཚད་འཛམ་གླིང་དེང་རབས་ཅན་གྱི་ཐོན་སྐྱེད་འཕེལ་ལས་དང་། གནའ་བོའི་སོ་ནམ་རིག་གནས་ཀྱི་རྒྱུན་བསྲིང་ནས་འཚོ་བཞིན་ཡོད་པ་རེད། དེ་ལྟ་བུའི་ལུང་བ་གཅིག་གི་མགོ་མཇུག་བརྗེས་པ་ཙམ་གྱིས་དྲོ་གྲང་དང་མངོན་ཚུལ་མི་མཉམ་པ་དང་། དབྱར་དགུན་སྟོན་དཔྱིད་ཀྱི་དྲོ་གྲང་དང་མངོན་ཚུལ་མི་འདྲ་བའི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཇི་བཞིན་གསལ་བས་ས་གནས་ཡུལ་ལུང་ཁྱད་ཆོས་ཅན་ཞིག་དང་། འབག་གཏོར་བཅོམ་གསུམ་གྱིས་མ་བསླད་པའི་ཁོར་ཡུག་ཅིག་ཡིན་པའང་གསལ་བོར་འཁུམས་ཡོད། ད་དུང་རང་བྱུང་གི་གཏེར་དངོས་སུ་གྲུབ་པའི་དབྱར་རྩྭ་དགུན་འབུ་དང་། བེ་ཤ། རྫ་གྲོ། པུས་མོ། དབང་ལག སྤྲུ་ནག་སོགས་དང་། ཤ་བའི་རྭ་དང་། དོམ་མཁྲིས། གླ་རྩི་སོགས་རང་བྱུང་སྨན་གྱི་རིགས་འདྲ་མིན་གྱི་ཐོན་ཁུངས་ལྟ་བུར་ཆགས་པའི་རང་རྒྱལ་ཀྲུང་ཧྭ་རིག་གནས་ཀྱི་བྱང་ཁོག་ཏུ་ཡ་ཁོག་སྙིང་བཞིན་གཅེས་སུ་འོས་པའི་ས་གནས་ཤིག་ཀྱང་ཡིན་པ་རེད། དེར་དུས་ཡུན་རིང་པོ་ནས་འཚོ་སྡོད་བྱས་པའི་མང་ཚོགས་དག་གིས་ཀྱང་ཡར་རྒྱས་སྔོན་ཐོན་གྱི་བྱ་བར་ཡིད་མོས་ཤིང་བརྩོན་པ་ཆེ་བ་དང་། མི་རིགས་གཞན་དག་ལ་སློབ་སྦྱོང་བྱེད་ཤེས་ཤིང་དེ་དག་གི་ཡོན་ཏན་མ་ལུས་ཚུར་ལེན་པར་མཁས་པའི་མི་དམངས་སྤྱང་གྲུང་དང་ལྡན་པ་ཞིག་ཡིན་པས། ཕ་མེས་ཡང་མེས་ཀྱི་ཤེར་བརྩོན་གཉིས་ལྡན་དང་འཚོ་བའི་ཉམས་མྱོང་གི་མཐུ་ལས་གྲུབ་པའི་འཛམ་གླིང་གི་མི་རིགས་ཀུན་ལ་ངོམ་ཆོག་པའི་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་འདྲ་མིན་ཡང་གཟུགས་ཅན་བཞིན་དུ་བསྐྱངས་ཡོད་དེ། ལ་གཞས་སམ་གླུ་ཤགས་དང་། རྫི་གླུ། བཞོ་གླུ། གྱང་གླུ། ཁེལ་འཐག་གླུ། ལོ་ཏོག་བརྔ་གླུ། གདུང་མ་འགྱོག་གླུ་སོགས་གླུ་དབྱངས་ཀྱི་རིག་གནས་དང་། གཞན་ཡང་བྲོ་ཡི་རིགས་ལའང་ཆོས་སྟོན་སྐབས་ཀྱི་ཆོས་བྲོ་དང་། བཀྲ་ཤིས་པ་དང་དུས་བཟང་གི་སྐབས་ཀྱི་འཛོམས་བྲོ། གཉེན་སྒྲིག་བག་སྟོན་སྐབས་ཀྱི་གཉེན་བྲོ། མགྲོན་པོ་སྐྱེལ་བསུའི་སྐབས་ཀྱི་སྐྱེལ་བྲོ་དང་བསུ་བྲོ། ཕན་ཚུན་ལན་འདེབས་རེས་ཀྱི་བྲོ་ཤགས་འཁྲབ་རྒྱུ་སོགས་བྲོའི་རིག་གནས། ད་དུང་གབ་ཚིག་གམ་ཁེད་དང་། གཏམ་དཔེ། ས་གནས་རང་གི་རྗེས་འཇུག་གཤིན་ཆོག་དང་། ཡུལ་ལྷ་གསོལ་སྟངས། དུས་སྟོན་ལ་རོལ་སྟངས། གཉེན་སྒྲིག་ཆང་ས་བཅས་ཀྱི་ཐད་ལའང་ལུགས་སྲོལ་དམིགས་བསལ་བ་ཡོད་པར་བརྟེན། རང་གི་ཁྱད་ཆོས་འཛོམས་པའི་གླུ་ལེན་གར་རྩེད་དང་། རྟ་རྒྱུགས་མདའ་འཕེན། རིག་རྩལ་དང་ལུས་རྩལ་སོགས་ཀྱང་དར་རྒྱ་ཆེ་ཞིང་། དེ་མིན་ས་གནས་རང་གི་ལག་ཤེས་བཟོ་ལས་སམ་འཁེལ་འཐག་དང་། ཁང་ཁྱིམ་བཟོ་བཀོད། འཕྲོད་བསྟེན་གཙང་སྦྲ། ཐ་ན་གྱོན་ཆས་རྒྱན་འདོགས་ལ་སོགས་པའི་ཐད་ལའང་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་པའི་རིག་གནས་ཕུན་སུམ་ཚོགས་པ་ཡོད་པ་དང་། ཆོས་ལུགས་དད་མོས་ཀྱི་ཁྱད་ཆོས་གོམས་སྲོལ་སོགས་ཀྱི་སྟེང་ནས་མཚོན་པའི་ཐུན་མོང་གཤིས་རྒྱུད་ཀྱི་བསམ་པའི་ངོ་བོ་བཅས་ལེགས་པར་འཛོམས་པའི་ཐུན་མོང་གི་ཚོགས་པ་བརྟན་ཅིང་འགྱུར་བ་མེད་པ་ཞིག་ཏུ་གྲུབ་པ་ལགས་སོ། །དེ་ལྟ་བུའི་ཕྱིའི་སྣོད་ཀྱི་རང་བྱུང་ཁམས་ཀྱི་རི་ཆུ་ནགས་གསུམ་དང་གནས་རི་གཞི་བདག མཚོ་དང་མཚེའུ། རང་བྱུང་ཚ་ཆུ། གཏེར་དངོས་སྨན་རྫས་སོགས་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་དུ་མ་ལྡན་པའི་སྡེ་ཚྭ་ཡུལ་ཚོའི་རི་ཆུ་རིག་གནས་དང་། དེར་རྒྱུ་བའི་རི་དྭགས་དང་གཡུང་དྭགས། བྱ་བྱེའུ་སོགས་རི་སྐྱེས་སྲོག་ཆགས་དང་ཁོར་སྲུང་རིག་གནས། དེ་བཞིན་ནང་གི་བཅུད་དུ་ཆགས་པའི་ས་གནས་མི་དམངས་ཀྱི་ཕྱིའི་ཀུན་སྤྱོད་རྒྱུན་འཁྱོངས་དང་ནང་གི་མི་གཞི་བྱང་ཚད་ཟུང་གིས་བསྐྱངས་བའི་སྲོལ་རྒྱུན་རིག་གནས། སྐད་ཡིག་རིག་གནས། གླུ་གར་རིག་གནས། ཡུལ་སྲོལ་རིག་གནས། ཡུལ་སྐོར་སྣེ་ཤན་རིག་གནས་བཅས་གཟུགས་ཡོད་དང་གཟུགས་མེད་ཀྱི་རིག་གནས་དག་འཛམ་གླིང་རང་བཞིན་ཅན་དང་རྒྱལ་ཡོངས་རང་བཞིན་ཅན་གྱི་ཡུལ་སྐོར་རིག་གནས་ཤིག་དང་། ཀྲུང་གོ་ཉག་ཆུ་རྫོང་གི་ཡུལ་སྐོར་རིག་གནས་ཀྱི་ལོ་རྒྱུས་ཁུངས་ལུང་དུ་ཕྲ་རྒྱན་གསར་པ་ཞིག་ཏུ་འགྱུར་བར་རེ་བས། ཉག་ཆུ་རྫོང་མི་དམངས་སྲིད་གཞུང་དང་སྡེ་ཚྭ་ཡུལ་ཤོག་མི་དམངས་སྲིད་གཞུང་གི་རླབས་ཆེན་གྱི་ཐུགས་ཁུར་ཟབ་མོའི་བཀའ་དྲིན་དང་རྒྱབ་སྐྱོར་འོག་ནས་སྡེ་ཚྭ་ཡུལ་ཚོའི་སྣོད་བཅུད་ཀྱི་དཔལ་ཡོན་མཐའ་དག་བརྡ་འཕྲིན་གྱི་དུས་རབས་དང་འཚམས་པའི་བརྙན་པར་འཕྲིན་གསུམ་གྱི་སྟེང་ནས་ཡུལ་སྐོར་སྣེ་ཤན་བྱ་འགུལ་འདི་ཁྱབ་སྒྲོག་དང་བརྒྱུད་སྤེལ་བྱེད་པའི་འཆར་གཞི་དང་དམིགས་ཡུལ་ལྟར་དེ་དེ་བཞིན་དུ་འགྲུབ་པར་བཀོད་པའོ།།