དཔྱིད་འགོའི་དྲོད་རླུང་རིམ་གྱིས་ལྡང་། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་བདེ་སྐྱིད་གྲོང་ཚོའི་གྲོང་མི་ཚོས་ལག་ཏུ་དཀར་གཙང་མཇལ་དར་བསྣམས་པ་དང་རྒྱབ་ཏུ་རང་ཁྱིམ་གྱིས་བསྙལ་བའི་བྲོ་ཞིམ་ནས་ཆང་འཁུར་ཏེ། ཞོགས་པ་སྔ་པོ་ནས་ཞིང་ནང་དུ་ཚང་ཁ་ཤིག་ཤིག་ངང་དཔྱིད་ཀྱི་ལས་ཀྱི་ཐོག་མ་སྟེ་དཔྱིད་རྨོས་དཔྱིད་འདེབས་ཀྱི་མཛད་སྒོ་གཉེར་ཡོད་པ་རེད།
དཔྱིད་རྨོས་མཛད་སྒོ་གཉེར་བ་དེས་ལོ་གསར་པའི་དཔྱིད་ཀྱི་ཞིང་ལས་དངོས་སུ་འགོ་ཚུགས་པ་མཚོན་ཞིང་། བདེ་སྐྱིད་གྲོང་ཚོའི་དུད་ཁྱིམ་ཚང་མས་གཅིག་རྗེས་གཉིས་མཐུད་ངང་དཔྱིད་རྨོས་དཔྱིད་འདེབས་འགོ་འཛུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། མཛད་སྒོ་དེ་ཡང་བདེ་སྐྱིད་གྲོང་ཚོའི་དེང་རབས་ཅན་གྱི་དཔྱིད་འདེབས་ཆུ་ཚད་དང་། གྲོང་མིའི་འཚོ་བའི་ཆུ་ཚད་རྒྱུན་མཐུད་གོང་མཐོར་འགྲོ་བ་མངོན་པ་མ་ཟད། མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་རེ་སྨོན་དང་དགའ་ཞེན་ཡང་གང་ལེགས་མཚོན་གྱི་ཡོད།
གཞན་ཡང་། སྤྱི་ཟླ་2པའི་ཚེས་26ཉིན། འཕྲུལ་འཁོར་གྱི་ལྡིར་སྒྲ་ལྷང་ལྷང་གྲགས་པའི་ཁྲོད་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གིས་དཔྱིད་རྨོས་དཔྱིད་འདེབས་ཀྱི་འགོ་ཚུགས་གླུ་དབྱངས་བླངས་ཡོད། མང་ཚོགས་ཀྱིས་མིག་སྔའི་དཔྱིད་འདེབས་དུས་བཟང་གི་གོ་སྐབས་དམ་འཛིན་གང་ལེགས་ཀྱིས་འབྲུ་རིགས་འདེབས་འཛུགས་ལས་དོན་འགོ་བཙུགས་ཡོད་པ་རེད། །