རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཏེ་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་དང་ཝང་ཧུའུ་ཉིང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་། ཧྲེ་ཐའེ་ཧྥེང་གིས་གཙོ་སྐྱོང་གནང་། ཀའོ་ཡུན་ལུང་གིས་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུ་གནང་ཡོད།
སེམས་ནུས་གཅིག་ཏུ་བསྒྲིལ་ཏེ་བསྐྱར་དར་གྱི་ལས་འགན་ལྕི་པོ་མཉམ་དུ་འཁུར། དཔའ་ངར་ཆེར་སྐྱེད་ངང་རྒྱང་ལམ་གསར་པའི་ཐོག་བྱས་རྗེས་འཇོག་དགོས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚེས་4ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལ་དམ་པོར་གཞིགས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་སེམས་ལ་བརྟན་པོ་འཆང་བ། ཐབས་འདོན་ཇུས་འབུལ་ཧུར་ཐག་ཞུས་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུ་ཡིན་པ་རེད།
ཕྱི་དྲོའི་ཆུ་ཚོད་3པར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2093ཚོགས་ཆེན་ལ་ཞུགས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་ཐའེ་ཧྥེང་དང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལིའང་ཀྲེན་དབྱིང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲེ། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོའོ་ཡུང་། ཀྲུའུ་ཡུང་ཞིན། ཡང་ཀྲེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་དང་ཚོགས་ཆེན་འཚོགས་པར་བཀྲ་ཤིས་སྨོན་འདུན་ཞུས་ཡོད།
ཧྲེ་ཐའེ་ཧྥེང་གིས་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།
ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་རེད།
ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྙན་ཞུ་གནང་བ་རེད།
ཝང་ཧུའུ་ཉིང་གིས། 2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ། རྒྱུན་མཐུད་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱས་པ། ཕྱི་ནང་གི་དཀའ་ངལ་ཁྱད་བསད་མཐའ་གཅིག་ཏུ་བྱས་པ། བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ། ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་པོའི་ངང་དུས་མཚམས་འགྱུར་བ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བརྟན་པོ་བཏང་བ། ཚན་རྩལ་གསར་གཏོད་ལ་འགག་གཏོར་གསར་པ་བྱུང་བ། བདེ་འཇགས་ངང་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་བཏང་བ། དམངས་འཚོ་འགན་སྲུང་ནུས་ལྡན་བྱས་པ་དང་དེར་ཕན་འབྲས་ཐོན་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ལེགས་སྒྲུབ་ཡག་པོ་བྱུང་བ། སྤྱི་ཚོགས་ཀྱི་གནས་བབ་ཆེན་པོ་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་གོམ་པ་བརྟན་པོ་སྤོས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ཤུགས་དང་གདིང་ཤུགས་ཆེ་རུ་ཤུགས་ཆེན་སོང་བ་བཅས་བྱུང་ཡོད་ཅེས་བསྟན་འདུག
ཝང་ཧུའུ་ཉིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཕྱོགས་བསྡོམས་གནང་བ་རེད། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་རྒྱུན་འཁྱོངས་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཆེན་པོའི་ཁྲོད་སྲིད་གྲོས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཇུས་འགོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་དང་འགན་སྒྲུབ་ཡང་དག་ཡོང་བའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། ཆབ་སྲིད་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་ནུས་པ་དང་འགན་སྒྲུབ་འཇོན་ནུས་ཆེ་རུ་བཏང་བ། ལས་ཀའི་ལམ་ལུགས་མ་ལག་འཐུས་ཚང་དང་། འགན་སྒྲུབ་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ། ཀྲུང་གུང་ཀྲུང་དབྱང་གིས་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེན་པོ་བྱེད་པའི་བླང་བྱ་ལག་བསྟར་དང་། བརྟག་ཞིབ་དང་སྲིད་དོན་གྱི་སྤུས་ཚད་མཐོ་རུ་བཏང་བ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་ཇུས་གལ་ཆེན་གྱི་གྲོས་མོལ་སྲིད་དོན་དང་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་ཞབས་འདེགས་ཞུ་བར་དམིགས་པ། མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་དགོངས་པ་ལག་བསྟར་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་རམ་འདེགས་བྱས་པ། དྲང་འཛིན་གསར་གཏོད་དང་མཐུན་སྒྲིལ་ཡར་བརྩོན་བྱས་པ། སྐབས་རིམ་བྱུང་གི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྨང་གཞི་བརྟན་པོ་བཏིངས་བའི་འོག ལས་དོན་ཁག་ལ་ཕན་འབྲས་ཡག་པོ་ཐོབ་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཡོང་བར་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་བསྟན་འདུག
ཝང་ཧུའུ་ཉིང་གིས། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། “ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ”ཡི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཀྱང་རེད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་འགན་འཁྲི་གཙང་སྒྲུབ་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྐུལ་འདེད་གཏོང་བ། སྲིད་དོན་ཇུས་འབུལ་ཧུར་ཐག་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་འགྲིལ་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་བསྟན་གནང་ཡོད།
ཝང་ཧུའུ་ཉིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་ལྷོད་མེད་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་ཐབས་ཇུས་དང་ནུས་ཤུགས་འདོན་སྤེལ་བྱེད་པ། ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་རྒྱུར་གཞོལ་བ་དང་། བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན་འདུག
མཇུག་ཏུ་ཝང་ཧུའུ་ཉིང་གིས་མཐུན་སྒྲིལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་དང་། འབད་འཐབ་ཀྱིས་རླབས་ཆེན་གྱི་བྱ་གཞག་གཏོད་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་བློ་གཅིག་སེམས་གཅིག་དང་། ཇུས་ཤུགས་མཉམ་འདོན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན་འདུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ལུང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་འགོ་འདོན་པའི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན། ཁྱོན་བསྡོམས་གྲོས་འགོ་ཁག་5621བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཁག་4791ཐོ་འགོད་བྱས་ཡོད། 2024ལོའི་ཟླ་2པའི་ཟླ་མཇུག་བར་སླེབས་དུས། གྲོས་འགོ་བརྒྱ་ཆ་99.9ཐག་གཅོད་དང་དེར་ལན་བཏབ་ཟིན་ཡོད། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་གྲོས་འགོ་ནན་ཏན་ངང་བདག་གཉེར་བྱས་པ་དང་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་དང་ལེན་བྱས་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། འཕེལ་རྒྱས་འཆར་འགོད། སྡེ་ཚན་གྱི་ལས་དོན་བཅས་ཀྱི་ཁྲོད་མངོན་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་སོགས་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཞུགས་ཡོད། །