རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་། སྐལ་བཟང་བདེ་སྐྱིད། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཞིང་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-11


རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ་དང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་། ཝང་ཧུའུ་ཉིང་གིས་གཏམ་བཤད་སྤེལ་བ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཚེས་10ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་རེད། གྲོས་ཚོགས་ཐོག མི་དམངས་སྲིད་གྲོས་ཀྱི་ཐེ་ཞུགས་སྡེ་ཚན་ཁག་དང་། རིམ་ཁག་རྩ་འཛུགས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཐོག བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་དགུ་པར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། ཡང་ཀྲེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

ཝང་ཧུའུ་ཉིང་གིས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་2162ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན་2085ཡོད་པས། གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།

གྲོས་ཚོགས་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་འགོའི་ལས་དོན་སྙན་ཞུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་འགོར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འགོ་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ནི་དར་ཆ་མཐོན་པོར་སྒྲེང་ཞིང་དངོས་འཛིན་དངོས་སྒྲུབ་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་ཚོགས་ཆེན་ཞིག་ཡིན་པ་དང་། དེས་དྲང་ནུས་གཅིག་སྡུད་དང་སྙིང་སྟོབས་འཕེལ་བར་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་ཡོད་པ་དང་། ཨུ་ཡོན་ལ་གཟིགས་པ་དང་འབྲེལ་ཚོགས་ཆུང་མཉམ་འབྲེལ་གྱི་གྲོས་བསྡུར་ནང་ཞུགས་ནས་ཨུ་ཡོན་ཚོ་དང་མཉམ་དུ་རྒྱལ་དོན་ལ་གྲོས་བསྡུར་གནང་ཡོད། ཨུ་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་དང་། ཚན་རྩལ་རིགས་ཁོངས། ཁོར་ཡུག་ཐོན་ཁུངས་རིགས་ཁོངས་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ་སོགས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་བསྡུར་གཏིང་ཟབ་གནང་བ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་འགོའི་ལས་དོན་བསྒྲུབས་ཚུལ་སྙན་ཞུ་སོགས་ཀྱི་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་བ། སྲིད་དོན་ཇུས་འབུལ་ཧུར་ཐག་གནང་བ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་གནང་བ་བཅས་སྲིད་གྲོས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞུམ་མེད་འབད་འཐབ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་ཚད་གཙོ་བོ་མངོན་འགྱུར་གང་ལེགས་བྱས་པ་དང་ “ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོས་རླབས་གཤགས་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་བྱས་པའི་ཐད་ཨུ་ཡོན་ཡོངས་ཀྱིས་གདེང་འཇོག་ཆེན་པོ་གནང་ཡོད། ཨུ་ཡོན་ཡོངས་ནས“གཏན་འཁེལ་གཉིས”ལ་གོ་བ་སྔར་བས་གཏིང་ཟབ་ལེན་རྒྱུ་དེས་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པར་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་ཡོད་པ་རེད།

ཝང་ཧུའུ་ཉིང་གིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡང་ཡིན། ལོ་ངོ་75ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་འཛུགས་པ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན། བསྒྱུར་བཅོས་ཀྱི་ལམ་བུ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་སྟངས་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བཅས་བྱས་ཐོག སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྔ་ཕྱི་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོའི་འོག་ལས་དོན་འཆར་འགོད་དང་ལས་དོན་སྤེལ་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་སྲིད་གྲོས་ཀྱི་ལས་དོན་ཁྲོད་དོན་འཁྱོལ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མངོན་པར་བྱེད་པ། མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་ཁྲིད་སྟོན་གྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དུ་འཇུག་དགོས། གཙོ་གནད་ལས་འགན་ལ་དམིགས་པ་དང་། སྤུས་ཚད་མཐོ་བའི་ཐབས་འདོན་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་ཆེད་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བསྟན་ཡོད།

མཇུག་ཏུ་ཝང་ཧུའུ་ཉིང་གིས། ཐོག་མའི་བསམ་འདུན་འགྱུར་མེད་དང་། འགན་སེམས་དཔལ་འབར་བཞིན་དུ་འཚེར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དངོས་དོན་སྒྲུབ་པ་དང་། འགན་འཁྲི་འཁུར་བ། འགན་འཁུར་ཕོད་པ་བཅས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐུལ་འདེད་གཏོང་བའི་ཐོག་མངོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།

མཇུག་འགྲིལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་གྲས་སུ་ད་དུང་། མཱ་ཤིང་རུའེ་དང་། ཝང་དབྱི། དབྱིན་ལི། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅེ་ཉིང་། ཁྲེན་རྨིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་སོགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་མཇུག་འགྲིལ་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཀྲུང་གོར་བཅར་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་དང་ཕྱིར་སྡོད་སྤུན་ཟླ་སོགས་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུར་ཞུགས་ཡོད།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་མཇུག་འགྲིལ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1