སྐབས་14པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་2པ་གྲོལ་བ།

ཡིག་སྒྱུར། དབང་འདུས། རིན་ཆེན་དབང་འདུས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཞིང་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-12


སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་བ།

སྲིད་གཞུང་གི་ལས་དོན་སྙན་ཞུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ལ་ཆོག་མཆན་སྤྲད་པ།

གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ།

ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ།

ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་ཚེས་11ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ལ་ཆོག་མཆན་སྤྲད་ཡོད། ཚོགས་ཆེན་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་21པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་ཡོད།


ཕྱི་དྲོའི་ཆུ་ཚོད་3པར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་ཡོད།

མཇུག་འགྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད།

ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད། 

ཚོགས་འདུར་ཞུགས་དགོས་པའི་འཐུས་མི་2956ཡིན་པ་དང་། འཐུས་མི་2900ཚོགས་འདུར་ཞུགས་ཡོད་ཅིང་། མི་56ཚོགས་འདུར་ཞུགས་ཐུབ་མེད། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

ཀྲའོ་ལེ་ཅིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐོར་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་། གྲོས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་བཏོན་པའི་2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། ལས་ཀའི་ལས་འགན་བཅས་ལ་མོས་མཐུན་བྱས་ཤིང་། སྙན་ཞུ་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་རེད། ཁྲིམས་ལུགས་འདི་ཉིད་ཁྱབ་བསྒྲགས་བྱེད་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

ཚོགས་འདུའི་ཐོག་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་སྐོར་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིར་ཆོག་མཆན་སྤྲད་པ། 2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ། 2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2024ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲད་པ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་སྙན་ཞུའི་ནང་བཏོན་པའི་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་ལ་མོས་མཐུན་བྱས་ཏེ་སྙན་ཞུ་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྙན་ཞུ་དེ་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

དེ་རྗེས། ཀྲའོ་ལེ་ཅིས་གསུང་བཤད་གནང་ཡོད། ཁོང་གིས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་ཟིན་ཡོད། འཐུས་མི་ཡོངས་དང་འབྲེལ་ཡོད་ཕྱོགས་ཀྱི་ཐུན་མོང་འབད་བརྩོན་འོག གྲོས་ཚོགས་ལེགས་པར་སྐོང་ཚོགས་ཐུབ་ཡོད་པ་དང་། ཐུན་མོང་ངོས་འཛིན་གཅིག་བསྡུས་བྱུང་ཞིང་ལས་འགན་ཁ་གསལ་བྱུང་བ། སེམས་ཤུགས་བརྟན་དུ་ཕྱིན་ཡོད་པས། དར་ཆ་མཐོན་པོར་སྦྲེང་བ་དང་དམ་པ་དོན་གཉེར། མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞེས་གསུངས་ཡོད།

ཀྲའོ་ལེ་ཅིས། ཚོགས་ཆེན་འཚོགས་རིང་། འཐུས་མི་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་རབ་ཏུ་འཕེལ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་གནང་བ་དང་། སྙན་ཞུ་དང་གྲོས་གཞི་ཁག་ལ་གྲོས་ཞིབ་ནན་ཏན་གནང་ཡོད། ཚོགས་འདུའི་གྲུབ་འབྲས་ཐོག་ནས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདུན་པ་གཅིག་གྱུར་ཡིན་པ་གང་ལེགས་མཚོན་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་མངོན་པར་བྱས་ཡོད་ཅེས་བསྟན་ཡོད།

ཀྲའོ་ལེ་ཅིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ཚོགས་ཆེན་ཐོག་གཏན་འཁེལ་བྱུང་བའི་ལས་འགན་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་འབད་བརྩོན་ཆེན་པོས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་དོན་སྙིང་ཧ་ཅ་ཆེན་པོ་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བློ་སེམས་གཅིག་མཐུན་དང་སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། མི་དམངས་ཀྱིས་བརྗོད་པའི་འདོད་ཚུལ་དང་། མི་དམངས་ཀྱིས་གཏོད་པའི་ཉམས་མྱོང་། མི་དམངས་ལ་དབང་བའི་དབང་ཆ། མི་དམངས་ཀྱིས་འདོན་སྤེལ་བྱས་པའི་ནུས་པ་བཅས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ལས་གཏོད་དང་གསར་གཏོད་ཀྱི་སྤྲོ་སེམས་དང་གསོན་ཤུགས་འཕེལ་བར་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར། དཀའ་གནད་འགག་གཏོར། བྱེད་མཁས་སྒྲུབ་མཁས་བཅས་བྱས་ནས། འབད་བརྩོན་ཆེན་པོས་དཀའ་ངལ་རེ་རེ་ཁྱད་བསད་དང་། བྱ་བ་དངོས་རེ་རེ་ཡག་པོ་སྒྲུབ་པ། ལས་འགན་རེ་རེ་ལེགས་སྒྲུབ་བཅས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཁྲོད་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།

ཀྲའོ་ལེ་ཅིས་མཇུག་ཏུ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་དེ་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཐོག ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་ཡོད། 

ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་གྲས་སུ་ད་དུང་། མ་ཤིང་རུའེ་དང་། ཝང་དབྱི། ཡིན་ལི། ཧྲི་ཐའེ་ཧྥུང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ཝེ་ཏུང་། ཧོ་ལི་ཧྥུང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མིན་ཨར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ། ཝང་ཞའོ་ཧུང་སོགས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་གནང་བའམ་ཟུར་གསན་གནང་ཡོད།

ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ཟུར་གསན་གནང་ཡོད།

ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་31ཐོག ཀྲའོ་ལེ་ཅིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གཉིས་པ་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་ཡོད། ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་འགྲིལ་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1