གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱིས་གསར་དུ་བརྩམས་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོའི་ནང་དུ་བཀོད་ཡོད། གླིང་རྗེ་མི་ཡི་ཉི་མ་སེང་ཆེན་ནོར་བུ་དགྲ་འདུལ་ནི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་།
ཕྱུགས་ཟོག་འཕེལ་ཁ་རྒྱས་པའི་ཨ་ཕྱུག་རྩྭ་ཐང་དུ་འཁྲུངས་པ་དང་། ཁོང་ནི་བོད་མི་དམངས་ཀྱིས་སེམས་ཁོང་དུ་ཉར་བའི་དཔའ་བོ་ཞིག་ཡིན། གེ་སར་གར་འཆམ་ནི་བོད་མི་དམངས་ཀྱིས་གེ་སར་རྒྱལ་པོ་རྗེས་དྲན་བྱེད་ཆེད་བརྩམས་པའི་གར་འཆམ་ཞིག་ཡིན་ལ། གླིང་གེ་སར་རྒྱལ་པོ་ལ་བསྟོད་བསྔགས་དང་རྗེས་དྲན་གྱི་བརྗོད་དོན་གཙོ་བོ་བྱས་ཡོད། གླིང་སྒྲུང་དུ་གེ་སར་མི་ཡུལ་དུ་བྱོན་ནས་བཙན་པོ་གཉའ་ནས་གནོན་པ་དང་གཉོམ་ཆུང་བྱམས་ཀྱིས་སྐྱོང་བ། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་ཀྱི་མཛད་བཟང་སྐྱོང་ནས། བདེ་སྐྱིད་ཁྱིམ་གཞིས་བསྐྲུན་པའི་དཔའ་བོའི་གཏམ་རྒྱུད་བརྗོད་ཡོད། དེ་ཡང་འཆམ་གོས་དང་འཆམ་ཆས། གར་སྟབས། མཛེས་བཟོ། དབྱངས་རྟ། ཉམས་འགྱུར། དེ་མིན་ཁྱད་ཆོས་ལྡན་པའི་སྐད་བརྡ་སོགས་ཀྱིས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་ཡོད། དེང་དུས་བར་དུ་དགོན་སྡེ་གཙོ་བྱས་པའི་ཡུལ་ལུང་གང་མང་དུ་གེ་སར་གར་འཆམ་དར་ཡོད་ལ། དགོན་སྡེའི་འཆམ་ར་དང་དམངས་ཁྲོད་འདུ་ར། ཡངས་པའི་རྩྭ་ཐང་། དེ་མིན་དེང་རབས་གར་སྟེགས་སོགས་ཀྱི་སྟེང་དུ་འཆམ་སྲོལ་བྱུང་ཡོད།
གེ་སར་གར་འཆམ་གྱི་འབྱུང་ཁུངས་རྫོགས་ཆེན།
རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ཆེན་མོ་ནི་དུས་རབས་བཅུ་དགུ་པའི་ནང་དུ་རྫོགས་ཆེན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་གིས་ཁོང་གི་གཟིམས་ལམ་ལྟར་འཆར་འགོད་དང་གསར་གཏོད་གནང་བ་གྲགས་ཤིང་། ཁོང་ནི་གེ་སར་རིག་གནས་ལ་དུང་བ་ཆེ་ཞིང་མཐོང་ཆེན་ཚད་མེད་གནང་མཁན་ཞིག་ཡིན་པ་དང་། དེ་ནས་ཁོང་གིས་བཅའ་བཟོ་མཁས་པ་ཁག་ཅིག་དྲུང་དུ་བཀུག་ནས་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་ལྷའི་སྐོར། དགྲ་ལྷ་ཝེར་མ་བཅུ་གསུམ། དཔའ་རྟུལ་གྲུབ་ཆེན་བརྒྱད་བཅུ། ཕ་ཁུ་དང་མ་སྲུ་སོགས་ཀྱི་ཞལ་འབག་དང་ཆས་གོས། མཚོན་ཆ། ཡོ་བྱད་རྣམས་ལེགས་པར་གྲུབ་པར་མཛད་ནས་རྫོགས་ཆེན་དགོན་པའི་མདུན་ཐང་དོ་ར་ཆེན་མོར་གར་འཆམ་ཐེངས་དང་པོ་མཛད་པ་དང་།
རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ནི་དེབ་གཟུགས་དང་འཆད་གྱེར་རྣམ་པའི་གླིང་སྒྲུང་དེ་ཉིད་གར་སྟེགས་སམ་འཆམ་ར་རུ་དྲངས་ནས་ཟློས་གར་རམ་གར་འཆམ་དུ་བསྒྱུར་ཏེ་མི་རྣམས་ཀྱི་མིག་ལམ་དུ་གསོན་ཉམས་ལྡན་པའི་ངང་ཐེངས་དང་པོ་མངོན་པར་མཛད་པས། གེ་སར་གར་འཆམ་གྱི་ཆུ་འགོའམ་འབྱུང་ཁུངས་སུ་བརྗོད་ཀྱི་ཡོད།
རྫོགས་ཆེན་མཆོག་གླིང་སྤྲུལ་སྐུ་གུར་དགས་སྤྱིར་རྫོགས་ཆེན་དགོན་པས་ལོ་རེའི་དགུན་ཁའི་ཕུར་ཆེན་སྐབས་སུ་གེ་སར་འཆམ་སྲོལ་ཡོད་ཀྱང་། ལོ་འདི་དག་གི་རིང་བོད་དུ་ཡུལ་སྐོར་པ་ཇེ་མང་དུ་ཕྱིན་པ་དང་དད་ལྡན་སྐྱ་སེར་རྣམས་ཀྱང་དབྱར་དུས་སུ་ཅུང་སོས་དལ་ཡིན་པས། དགོན་པའི་བདག་གཉེར་པ་དག་གིས་སྤྱི་ལོ་2017ལོ་ནས་བཟུང་དབྱར་དུས་སུ་གར་འཆམ་བྱ་རྒྱུ་གཏན་ཁེལ་བྱས་པ་དང་། 2022ལོ་དམིགས་བསལ་དུ་སྤྱིར་གླིང་གི་དཔའ་རྟུལ་གྱི་གྲལ་དུ་བཞུགས་ཀྱང་། གྲགས་ཡས་དེ་ཙམ་མེད་པའི་དཔའ་རྟུལ་ལམ་གེ་སར་རྒྱལ་པོའི་བློན་པོ་33གྱི་ཞལ་འབག་དང་འཆམ་གོས། མཚོན་ཆ་སོགས་གསར་སྣོན་དང་འཐུས་ཚང་དུ་བཏང་བས། ལོ་རྒྱུས་ཐོག་གེ་སར་གར་འཆམ་ཆེས་འཐུས་ཚང་ཤོས་སུ་གྲུབ་ཡོད་པ་རེད་ལ། ད་ལྟ་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུ་དང་གླིང་ལྷ། མ་སྲུ་མོ་སྨན། དགྲ་ལྷའི་ཝེར་མ་སོགས་བསྡོམས་པས་མི་སྣ་117ཡོད་ཅེས་གསུངས། རྫོགས་ཆེན་དགོན་པའི་སེང་ཆེན་ནོར་བུ་དགྲ་འདུལ་འཆམ་མཁན་ཆོས་འགྲུབ་ཀྱིས་གེ་སར་གར་འཆམ་འདི་ནི་རྫོགས་ཆེན་གྲུབ་དབང་ལྔ་པ་ནས་དར་བར་དུ་མ་ཉམས་གོ་འཕེལ་དང་ཉམས་པ་སོར་ཆུད་བྱུང་བ་དང་། ང་ཚོས་ལོ་རེར་བཞིན་གར་འཆམ་སྦྱོང་ནས་རྒྱུགས་སྤྲོད་བཞིན་ཡོད་ལ། གལ་སྲིད་རྒྱུགས་འཕྲོད་ན་ད་གཟོད་གེ་སར་གར་འཆམ་བྱེད་པའི་ཐོབ་ཐང་ངམ་གོ་སྐབས་ཡོད་པ་རེད་ཅེས་གསུངས། རྫོགས་ཆེན་དགོན་པའི་རྒྱ་ཚ་ཞལ་དཀར་འཆམ་མཁན་རིག་འཛིན་བསྟན་སྐྱོང་གིས་གེ་སར་གར་འཆམ་འདི་ལོ་རེར་ཟླ་གཅིག་གཉིས་བེད་སྤྱོད་ནས་སྦྱོང་བཞིན་ཡོད་ལ། ངས་ད་བར་གེ་སར་གར་འཆམ་འཆམས་ནས་ལོ་བཅུ་དྲུག་འདྲ་རེད་བཞིན་འདུག །དང་པོ་མོ་སྨན་སྐོར་འཆམ་པ་དང་། དེ་ནས་རིམ་བཞིན་དཔལ་རྟུལ་དཀྱུས་མའི་སྐོར་དང་ད་ལྟ་དགོན་པའི་ལས་ཐོག་འཆམ་དཔོན་གཉིས་ཡོད་པའི་གྲལ་དུ་ཚུད་ཡོད་ལ། ངེད་གཉིས་ཀྱིས་གེ་སར་དང་རྒྱ་ཚ་འཆམ་བཞིན་ཡོད་ཅེས་གསུངས། ཁུལ་རིམ་པའི་ཞལ་འབག་བཅའ་བཟོའི་རྒྱུན་འཛིན་པ་བསོད་བསྟན་གྱིས་རྫོགས་ཆེན་ཞལ་འབག་ནི་རྫོགས་ཆེན་གྲུབ་དབང་ལྔ་པས་གསར་གཏོད་མཛད་པ་དང་།
ད་ལྟ་རྫོགས་ཆེན་དགོན་པས་སྤྱོད་རྒྱུའི་ཞལ་འབག་འདི་ནི་དགེ་རྒན་བསོད་རྒྱལ་གྱིས་ཕྱག་བཟོ་གནང་བ་རེད། ང་རང་ལོ་དྲུག་བདུན་ཙམ་ནས་དགོན་པའི་ནང་དུ་བསྡད་ནས་ཞལ་འབག་བཅའ་བཟོའི་ཐད་སློབ་སྦྱོང་བྱས་པ་ཡིན། དེ་རྗེས་རང་གིས་ཅུང་ཤེས་རྗེས་སློབ་མ་ཡང་མི་ཉུང་བ་ཞིག་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད་ཅེས་གསུངས།
གུས་པ་སྔ་རྗེས་ཐེངས་གསུམ་ལ་ཡུལ་དངོས་སུ་སོང་ནས་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་མཇལ་མྱོང་ལ། དེའི་སྐོར་འབྲེལ་ཡོད་མི་སྣ་ལ་བཅར་འདྲི་དང་རྒྱུས་ལོན་ཕྲན་ཙམ་ཡང་བྱས་པ་ཡིན། ནམ་རྒྱུན་ཕུ་གངས་དཀར་མཐོ་བརྗིད་ཀྱི་རྩེ་མོ་དགུང་སྔོན་དབྱིངས་སུ་ཟུག་པ། བར་རྫ་བྲག་གཡའ་ཡི་འགྱིང་རྫོང་སྤྲིན་དཀར་མགུལ་དུ་འཁྱུད་པ། སྨད་ལྗོན་ཤིང་ནགས་ཚལ་གྱི་ཡལ་ག་སྣ་ཚོགས་འབྲས་བུས་དུད་པ། དཀྱིལ་སྤང་ལྗོངས་ཡངས་མོ་མེ་ཏོག་སྣ་བརྒྱས་བརྒྱན་པའི་དབུས་སུ། ཤར་རྫོགས་ཆེན་དགོན་པའི་རྒྱ་ཕིབས་ཀྱི་གསེར་འོད་དགུང་སྔོན་དུ་འཕྲོས་པ་དང་། གཙུག་ལག་ཁང་ཆེན་མོའི་སྒོ་ཁྱམས། ཡངས་པའི་དོ་ར་ཆེན་མོའི་སྟེང་དུ་མི་ཚོགས་གྲལ་དུ་སྐོར་ཞིང་། མཛེས་མོ་མིག་གི་ལོངས་སྤྱོད། སྙན་མོ་རྣ་བའི་བདུད་རྩི་རུ་གྱུར་པའི་གླིང་རྗེ་གེ་སར་རྒྱལ་པོའི་གར་འཆམ་བྱེད་སྲོལ་འདུག །
དེ་ཡང་མཆོག་སྤྲུལ་པདྨ་སྐལ་བཟང་གིས་མཛད་པའི་འཛམ་གླིང་གེ་སར་རྒྱལ་པོ་དཔའ་རྟུལ་ཕུ་ནུའི་འཁོར་ཚོགས་དགྲ་ལྷ་རླུང་རྟ་དང་བཅས་པའི་གར་འཆམ་གྱི་མཚམས་སྦྱོར་ཡིད་འཕྲོག་ནོར་བུའི་དོ་ཤལ་དུ་འཁོད་པ་ལྟར་ན། སྔ་དྲོར་འཆམ་ཚན་བརྒྱད་འདུག་སྟེ། དེ་ལས་དང་པོ་ནི་གླིང་དཀར་པོའི་དང་སྨན་མཆེད་བདུན་གྱི་སྐོར་རེད་ལ། མོ་སྨན་བདུན་གྱི་མཛེས་པའི་གར་དང་ཕྱག་རྒྱས་ཚོགས་མི་ཀུན་གྱི་ཡིད་དབང་བཀུག །
འཆམ་ཚན་གཉིས་པ་དང་གསུམ་པ་ནི་འཛམ་གླིང་གེ་སར་རྒྱལ་པོ་མཆོག་དང་དགྲ་ལྷ་ཝེར་མའི་ཚོགས་དང་བཅས་པ་རེད་ལ། དགྲ་ལྷ་ཝེར་མའི་ཚོགས་ཀྱི་དབུས་སུ་སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གོ་མཚོན་སྣ་དགུ་སྐུ་ལ་གསོལ་ཞིང་ཕེབས། འཆམ་ཚན་བཞི་པ་གླིང་ལྷའི་སྐོར་རེད་ལ། ཞལ་འབག་དང་སྐུ་མདོག །ཕྱག་མཚན་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུམ་གྱིས་ཕྱུག །འཆམ་ཚན་ལྔ་པ་ནས་བརྒྱད་པའི་བར་གླིང་གི་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུ་ཞི་རྒྱས་དབང་དྲག་ཏུ་ཕྱེ་ནས་གསོན་ཉམས་ལྡན་པའི་ངང་འཆམ་པ་དང་། ཕྱི་དྲོར་འཆམ་ཚན་བསྡོམས་པས་བཅུ་ཙམ་ཕྱེ་འདུག་སྟེ། འཆམ་ཚན་དང་པོ་སྔར་བཞིན་གླིང་དཀར་པོའི་དང་སྨན་མཆེད་བདུན་དང་། འཆམ་ཚན་གཉིས་པ་སེང་ཆེན་ནོར་བུ་དགྲ་འདུལ་དང་དཔའ་རྟུལ་ཕུ་ནུ་ཚོའི་མང་འཆམ་རེད་འདུག །འཆམ་ཚན་གསུམ་པ་ནས་བཅུ་པའི་བར་སྟོང་ཉིད་ལྷ་མོ་བརྒྱད་དང་རླུང་རྟའི་སྐོར་སོགས་ཡིན་པ་དང་། དེ་དག་ལ་ནང་ཚན་ཁ་ཤས་ཕྱེ་འདུག
གེ་སར་གར་འཆམ་གྱི་ཁྱབ་མཆེད་གནས་ཚུལ།
སྤྱིར་གེ་སར་རྒྱལ་པོའི་རྟོགས་བརྗོད་ཉིད་ལས་དཔའ་རྟུལ་གྲུབ་ཅན་བརྒྱད་ཅུ་སོགས་ཤིན་ཏུ་ཆ་ཚང་བའི་ངང་ཐོག་དང་པོ་གར་འཆམ་གྱི་རྣམ་པ་རུ་ཕབ་ནས་གླིང་སྒྲུང་དུ་བཀོད་པ་ལྟར་ཞལ་འབག་དང་ཕྱག་མཚན་སོགས་བཟོ་མཁན་ནི་རྫོགས་ཆེན་དགོན་པ་ཡིན་པ་སྣང་ལ། དེའི་འཕྲོ་རུ་རྫོགས་ཆེན་དགོན་པའི་དགོན་ལག་གཙོ་བོ་ཁག་དང་བོད་ཀྱི་དགོན་སྡེ་དུ་མས་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ལ་དཔེ་བླངས་ནས་འཆམ་འགོ་བརྩམས་པ་དང་། ཕྱིས་སུ་གསེར་རྟ་ཟློས་གར་ཚོགས་པའི་རྟ་རྒྱུགས་རྒྱལ་འཇོག་སོགས་ཟློས་གར་འཁྲབ་སྟོན་དང་། གཞན་ཡང་གེ་སར་གློག་བརྙན་ཟློས་གར་ཀྱང་འཁྲབ་དང་འཁྲབ་མུས་སུ་གྱུར།
དེ་ཡང་གུས་པ་2023ལོའི་ཟླ་བ་7པའི་ནང་དུ་ཨ་ཕྱུག་ཏུ་ཕྱིན་ནས་སྡེ་དགེ་རྫོང་གི་སྐབས་དང་པོའི་གེ་སར་འཁྲུངས་ཡུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཞུགས་པ་ཡིན་ལ། དེ་ལས་ཆེས་དམིགས་བསལ་ལྡན་པ་ནི་གེ་སར་གར་འཆམ་དེ་རེད་འདུག །རྒྱུས་ལོན་བྱུང་གསལ་ལྟར་ན། གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཨ་ཕྱུག་ཏུ་ཚ་ཚ་དགོན་པས་ཀྱང་སྔར་ནས་གེ་སར་འཆམ་སྲོལ་འདུག་སྟེ། ཚ་ཚ་དགོན་པའི་མཁན་པོ་སྐལ་གཏན་གྱིས་ཚ་ཚ་དགོན་པའི་གེ་སར་གར་འཆམ་འདི་ནི་ཚ་ཚ་སྒྲུབ་རྒན་སྐུ་ཕྲེང་བརྒྱད་པ་ཀརྨ་སེང་གེས་གསར་གཏོད་མཛད་པ་དང་། གར་འཆམ་གྱི་ནང་དོན་གཙོ་བོ་ལ་འཆམ་ཚན་ལྔ་རུ་ཕྱེས་ཡོད་དེ། འཆམ་ཚན་དང་པོ་ནི་གླིང་ལྷའི་སྐོར་ལས་གླིང་གེ་སར་རྒྱལ་པོ་གཙོ་བོ་བྱས་པའི་མི་སྣ་དགུ་ཡོད་པ་དང་། འཆམ་ཚན་གཉིས་པ་ཞི་བའི་སྐོར་ལས་སྤྱི་དཔོན་རོང་ཚ་ཁྲ་རྒན་ནས་སྣང་ཆུང་གཡུ་སྟག་བར་དང་། འཆམ་ཚན་གསུམ་པ་རྒྱས་པའི་སྐོར་ལས་གསེར་པའི་ཉི་འབུམ་དར་ཡག་ནས་བཅོ་ལྔའི་དཔའ་གསལ་ཟླ་བའི་བར། འཆམ་ཚན་བཞི་པ་དབང་གི་སྐོར་ལས་འོམ་བུ་ཨ་ནུ་དཔའ་སེང་ནས་སྟག་རོང་དཔོན་པོ་ཁྲོ་ཐུང་བར། འཆམ་ཚན་ལྔ་པ་དྲག་པོའི་སྐོར་ལས་འབུམ་པའི་རྒྱ་ཚ་ཞལ་དཀར་ནས་འདན་སྲས་གཡུ་འོད་འབུམ་མེ་བཅས་སུ་དབྱེ་སྲོལ་ཡོད་ཅེས་གསུངས་བྱུང་། གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་གེ་སར་འཆམ་པ་འདི་ལ་ས་གནས་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་འདུག་ལ། དེང་དུས་ད་དུང་རྟ་རྒྱུགས་རྒྱལ་འཇོག་དང་འཁྲུངས་གླིང་མེ་ཏོག་ར་བ། སྟག་གཟིག་ནོར་འགྱེད་སོགས་ཟློས་གར་གྱི་རྣམ་པའི་ཐོག་ནས་འཁྲབ་སྲོལ་ཡང་དར་འདུག
དེ་ཡང་གཡག་ཟེ་དགོན་པའི་གེ་སར་གར་འཆམ་ལའང་དགོན་པ་གཞན་དག་གི་འཆམ་སྲོལ་དང་ཞི་རྒྱས་དབང་དྲག་གི་གོ་སྒྲིག་སྲོལ་ཐད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཡོད་པ་དང་། འཆམ་གོས་དང་འཆམ་ཆས། དེ་ཡིས་ཞལ་འབག་སོགས་ལ་ལྷག་ཏུ་ཁྱད་ཆོས་ཆེ། གཞན་ཡང་སྡེ་དགེའི་ས་ཁུལ་གྱི་ཕོ་བྲང་སེང་འབྲུག་སྟག་རྩེའི་མཁར་ཤུལ་གནས་ཡུལ་འགུ་ཟི་དང་དཔའ་རྒྱ་ཚ་ཞལ་དཀར་གྱི་མཁར་ཤུལ་གནས་ཡུལ་ལྕགས་ར་དགོན་པ། ཉ་ཚ་ཨ་བརྟན་གྱི་མཁར་ཤུལ་གནས་ཡུལ་དཔེ་ཝར་དགོན་པ་སོགས་སུ་གེ་སར་གར་འཆམ་བྱེད་སྲོལ་འདུག་སྟེ། དེ་དག་གི་འཆམ་སྲོལ་དང་མི་སྣའི་གོ་སྒྲིག་སྟངས། འཆམ་གོས་དང་འཆམ་ཆས། མཚོན་ཆ་ཡོ་བྱད། ཞལ་འབག་སོགས་ལ་རང་རང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་མ་ཟད། རོལ་དབྱངས་དང་གར་སྟབས། འཆམ་ཡུན་དང་འཆམ་དུས་སོགས་ལའང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཆེན་པོ་འདུག
དེང་དུས་དགོན་སྡེ་ཁག་ཏུ་སྲོལ་རྒྱུན་གྱི་ལུགས་ལྟར་གེ་སར་གར་འཆམ་བྱེད་པར་མ་ཟད། དུས་སྟོན་དང་མཛད་སྒོ་སོགས་ཀྱི་སྐབས་སུ་ཡང་གར་སྟེགས་སུ་ཟློས་གར་གྱི་རྣམ་པའི་སྒོ་ནས་འཁྲབ་སྲོལ་ཆེས་ཆེར་དར་བཞིན་ཡོད་དེ། དཔེར་ན་རྫོགས་ཆེན་གྱི་གླིང་སྒྲུང་བདེ་ཆེན་རོལ་མོ་དང་སྟག་གཟིག་ནོར་འབྱེད། གཞན་ཡང་ཨ་ཕྱུག་ཚ་ཚ་དགོན་པ་སོགས་ཀྱི་འཁྲུངས་གླིང་མེ་ཏོག་ར་བ་དང་རྟ་རྒྱུགས་ནོར་བུ་ཆ་བདུན། སྟག་གཟིག་ནོར་འགྱེད། ཧོར་གླིང་གཡུལ་འགྱེད་སོགས་ཡོད། གཞན་ཡང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་གསར་དུ་བཙུགས་པའི་གསེར་རྟ་གེ་སར་ཟློས་གར་ཚོགས་པས་གེ་སར་གྱི་སྒྲུང་ལྷ་གླིང་གབ་རྩེ་དགུ་སྐོར་དང་རྟ་རྒྱུགས་རྒྱལ་འཇོག །མངའ་རིས་གསེར་རྫོང་། འདན་མའི་ནས་རྫོང་སོགས་འཁྲབ་གཞུང་དུ་བསྒྱུར་ནས་གར་སྟེགས་སུ་འཁྲབ་སྟོན་རྒྱུན་མ་ཆད་པར་བྱས་ཡོད་པས། གེ་སར་གར་འཆམ་དང་ཟློས་གར་ནི་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བའི་རྣམ་པ་གཙོ་བོ་ཞིག་ཏུ་གྱུར་ཡོད། །