ཧྲེན་དབྱང་གིས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་སྡེ་ཁུལ་དུ་རྟོག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 03-25


དགོན་པའི་དོ་དམ་ལ་ཤུགས་བསྣན་པ་དང་། ཆོས་ལུགས་མཐུན་འགྲོགས་ལ་བསྐུལ་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྤྱི་ཚོགས་ཁོར་ཡུག་ཡག་པོ་བསྐྲུན་དགོས་ཞེས་གསུངས།

ཧྲེན་དབྱང་གིས་གསེར་རྟ་བླ་རུང་དགོན་དུ་དགེ་འདུན་པའི་སློབ་གཉེར་གནས་ཚུལ་རྒྱུས་ལོན་གནང་བཞིན་པ།

སྤྱི་ཟླ3པའི་ཚེས13ནས15ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་རོང་དང་དཀར་མཛེས། གསེར་རྟ། བྲག་འགོ། རྟའུ་སོགས་སུ་ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་ཞིང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་རྟའུ་དང་བྲག་འགོ་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

སྔར་ལྷག་གིས་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་མཐུན་སྒྲིལ་བྱས་ཏེ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་གོང་བུར་འགྲིལ་ནས་ཆོས་ལུགས་མཐུན་འགྲོགས་དང་མི་རིགས་མཛའ་མཐུན། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་ནི་བོད་འབྲེལ་ས་ཁུལ་གྱི་ལས་ཀའི་འགན་འཁྲི་གཙོ་བོ་ཡིན། ཧྲེན་དབྱང་ཉག་རོང་རྫོང་གི་གསང་བདག་དགོན་དང་གསེར་རྟ་རྫོང་གི་བླ་རུང་དགོན་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་། དཀར་མཛེས་རྫོང་གི་གླང་སྣ་དགོན་དང་སྟོང་ཁོག་དགོན། བྲག་འགོ་རྫོང་གི་རྦ་མདའ་དགོན། རྟའུ་རྫོང་གི་ཇོ་མོ་དགོན་པ་སོགས་སུ་ཕེབས་ནས་དགོན་པའི་གྲྭ་བཙུན་དང་དགོན་པ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་རྣམས་དང་གླེང་མོལ་གནང་ཞིང་།དགོན་པ་ཁྲིམས་ལྟར་དོ་དམ་བྱས་ཚུལ་དང་གྲྭ་བཙུན་བདག་གཅེས་བྱས་ཚུལ། ཆོགས་ལུགས་ལས་རིགས་མི་སྣས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་ཚུལ་སོགས་ནས་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད། ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་རྒྱུ་གཙོ་གནད་དུ་བཟུང་ནས་དགོན་པའི་དོ་དམ་ལ་ཤུགས་བསྣན་པ་དང་། ཆོས་ལུགས་མཐུན་འགྲོགས་ལ་བསྐུལ་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྤྱི་ཚོགས་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས།

མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་ཡིན་ཞིང་། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་དང་ནུས་ཤུགས་ཡིན་པས། རྟོག་ཞིབ་གནང་རིང་ཧྲེན་དབྱང་རླངས་འཁོར་ལ་བཞུགས་ཏེ་རྫོང་དེ་ཚོའི་གཞི་རིམ་དུ་ཞུགས་ནས་ཡུལ་དངོས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ལ་ཆ་རྒྱུས་གནང་བར་མ་ཟད། གྲོང་ཁོངས་སྤྱི་ཚོགས་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་ཚུལ་སོགས་ལ་ཆ་རྒྱུས་གནང་བ་རེད། ཁོང་གིས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་ལ་དུས་རབས་གསར་པའི་ཧྥུང་ཆའོ་ཉམས་མྱོང་དང་ཕུའུ་ཅང་ཉམས་མྱོང་རྒྱུན་འཁྱོངས་དང་དར་རྒྱས་བཏང་ནས་སྣ་མང་མཉམ་བཅོས་ཇེ་དྲག་ཏུ་གཏོང་ཞིང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གོང་བུར་འགྲིལ་བ་དེས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་བཙུགས་ས་དང་དོན་ལ་བབ་ས་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོ་ལས་གཞིའི་མི་འདང་སར་ཁ་གསབ་པ། མུ་མཐུད་དུ་ཡུལ་དེ་གའི་མང་ཚོགས་ཡོང་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ནས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ནས་མཉམ་དུ་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་དགོས་ཞེས་གསུངས་པ་རེད། རྟོག་ཞིབ་གནང་རིང་ཧྲེན་དབྱང་གིས་དུ་དུང་གསེར་རྟ་རྫོང་སྦོ་མདའ་གྲོང་རྡལ་གྱི་སྐབས་བདུན་པའི་ཞིང་ཆེན་རིམ་པའི་མི་དམངས་ཀྱི་བློར་བབ་པའི་སྤྱི་བདེ་ཉེན་རྟོག་པའི་ཐུན་མོང་གི་གཟེངས་བསྟོད་ཐོབ་མཁན་སྦོ་མདའ་སྤྱི་བདེ་མངགས་གཏོང་ཁང་གི་ཉེན་རྟོག་པ་ཡོངས་ལ་འཚམས་འདྲི་གནང་ཞིང་དེ་གའི་གནས་ཚུལ་རྒྱུས་ལོན་གནང་བ་རེད།

མིག་སྔར་དཔྱིད་རྨོད་གྲ་སྒྲིག་གི་དུས་ལ་སླེབས་པས། ཧྲེན་དབྱང་གིས་ད་དུང་ས་གནས་ཁག་གི་དཔྱིད་རྨོད་ལས་ཀ་སྤེལ་ཚུལ་ལ་ཆ་རྒྱུས་གནང་བ་རེད།

ཁུལ་གྱི་མགོ་ཁྲིད་ཡོན་མིང་ཀོང་དང་སྐལ་བཟང་གཡུང་དྲུང་། རྡོ་རྗེ། དགེ་ལེགས་རྡོ་རྗེ། བསོད་ནམས་དབྱངས་ཅན་སོགས་དང་འབྲེལ་ཡོད་རྫོང་གི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་རྣམས་ཁག་བགོས་ནས་འབྲེལ་ཡོད་རྫོང་ལ་རྟོག་ཞིབ་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1