ཝང་ཞའོ་ཧུའེ་དང་ཧོང་ཆང་ཉག་ཆུ་རྫོང་དུ་ཕེབས་ནས་མཛུབ་སྟོན་གནང་།

ལོ་ཙཱ། སྐལ་ཐུབ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 03-26


སྤྱི་ཟླ་3པའི་ཚེས་22ཉིན་ལ། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་ཉག་ཆུ་རྫོང་ནགས་ཚལ་མེ་སྐྱོན་སེལ་བའི་ཡུལ་དངོས་སུ་ཕེབས་ནས་མེ་གསོད་རོགས་སྐྱོར་ལས་དོན་ལ་མཛུབ་སྟོན་གནང་བ་སྦྲགས་མེ་གསོད་རོགས་སྐྱོར་མི་སྣ་དང་གནོད་ཐེབས་གནས་སྤོ་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

ཝང་ཞའོ་ཧུའེ་ཡིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དོན་ཐོག་ནན་པོར་འཁྱོལ་བ་དང་། འབད་འཐབ་ལྷོད་མེད་ཀྱི་སྤྱོད་ཚུལ་ཞུམ་མེད་དར་སྤེལ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་ལུགས་མཐུན་བྱེད་ཅིང་། ཉེན་ཁ་མེད་ལ་ལས་ཆོད་ཆེན་པོས་མེ་སྐྱོན་གནས་ཚུལ་བསལ་ཏེ། ཉག་ཆུའི་ནགས་ཚལ་མེ་སྐྱོན་རྩད་གསོད་འཐབ་འཛིང་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་མཐའ་གཅིག་ཏུ་བསྲུང་དགོས་ཞེས་ནན་གསུང་གནང་བ་རེད།

ཝང་ཞའོ་ཧུའེ་ཡིས་མེ་གསོད་དང་གནོད་ཐེབས་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ས་གནས་དེ་གའི་ཏང་རྩ་འཛུགས་དང་ཏང་མི་ལས་བྱེད་པ་ཚོར་བརྩེ་བ་ཆེན་པོས་གནོད་ཐེབས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག་བསལ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་པོ་སླར་གསོ་ཐུབ་པར་རོགས་རམ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཝང་ཞའོ་ཧུའེ་ཡིས་ཚན་རིག་དང་མཐུན་ཞིང་ལས་ཆོད་ཆེན་པོས་མེ་མགྱོགས་པ་གསད་དགོས་ལ། མི་སྣ་ཤི་རྨས་མི་ཡོང་བ་བྱ་དགོས། གནས་སྤོ་བཀོད་སྒྲིག་མང་ཚོགས་ཀྱི་འཚོ་བ་འགན་སྲུང་ཐུབ་པ་དང་རྗེས་ཕྱོགས་འཕེལ་རྒྱས་ཀྱི་གནད་དོན་ཞིབ་འཇུག་ཐག་གཅོད་ཡག་པོ་བྱ་དགོས། མེ་སྐྱོན་འབྱུང་རྐྱེན་རྩད་བཅད་དེ་འགན་འཁྲི་བདའ་འདེད་ནན་པོ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་གཅད་བྱ་དགོས། སྔར་ཕོག་སྣ་སུན་ལ་ཕྱོགས་བསྡོམས་དང་དང་ལེན་ནན་ཏིག་བྱས་ཏེ། ཟུར་བསྟན་ལེབ་མཐོང་གིས་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་མེ་ཟོན་མེ་གསོད་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་བསྟན་པ་རེད།

སྤྱི་ཟླ་3པའི་ཚེས་23ཉིན་ལ། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་དཀར་མཛེས་ཁུལ་ནགས་ཚལ་མེ་སྐྱོན་གྱི་ཡུལ་དངོས་སུ་ཕེབས་ནས་མེ་གསོད་རོགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་འབྲེལ་ཉག་ཆུ་རྫོང་དང་བརྒྱད་ཟིལ་རྫོང་དུ་ཕེབས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་ལེན་བསྟར་བ་དང་ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ངར་ཤུགས་གཅིག་ཏུ་བསྒྲིམས་ནས་ཉག་ཆུ་རྫོང་གི་རི་མེ་གསོད་གང་ཐུབ་དང་འབྲེལ་མེ་གསོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མེ་སྐྱོན་གསར་པ་ཐོན་རྒྱུར་དོགས་ཟོན་ཏན་ཏིག་བྱེད་པ་དང་བྱ་ཐབས་དེ་བས་ནུས་ལྡན་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་མང་བའི་འཕེལ་ཕྱོགས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧོང་ཆང་གིས་དེར་ཞུགས་མེ་གསོད་དཔའ་བོ་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་བསྔགས་བརྗོད་ཀྱང་གནང་བ་རེད་། ཧོང་ཆང་གིས་མང་ཚོགས་ཀྱི་སེམས་ཁྲལ་གནད་དོན་ལ་དམིགས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་ཚང་མར་རོགས་རམ་བྱས་ཏེ་ཁྱིམ་གཞིས་གསར་དུ་མགྱོགས་པོ་འཛུགས་པ་དང་། ཡུལ་སྡེ་དར་རྒྱས་སོགས་ཀྱི་སྲིད་ཇུས་ཡག་པོ་སྤྱད་དེ་མ་མཐའི་ཞབས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ལས་ཞུགས་དང་ཐོན་ལས་ནས་དབུལ་སྐྱོར་གནད་ལ་སྨིན་བ་བྱས་ཏེ་ཡང་འབབ་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱོགས་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་བྱས་ཏེ་ཚེས་23ཉིན་གྱི་ཞོགས་པའི་བར་ཉག་ཆུ་རྫོང་གི"3·15"ནགས་ཚལ་མེ་སྐྱོན་གྱི་མེ་ཤོར་ས་དང་པོ་དང་གསུམ་པར་འབར་བཞིན་པའི་མེ་མེད་པ་དང་མེ་ཤོར་ས་གཉིས་པར་ད་དུང་མེ་འབར་འཕྲོ་ཁ་ཤས་ལུས་ཡོད་པ་རེད། ཐེངས་འདིའི་མེ་འཇིགས་ཐེབས་པའི་དུད་ཚང་1360ཡི་མི་5908ཉེན་མེད་སར་སྤོས་ཐུབ་ཡོད་ཅིང་འཚོ་བར་འགན་སྲུང་ཐུབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1