གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་རེ་རེ་མི་ལེན་ཀ་མེད་རེད། །
རེ་རེ་མ་བླངས་ཚོད་ཡོད་རེད། །
སྐྱིད་ན་ཇ་ཆང་མཚར་གླུ་ལེན། །
སྡུག་ན་རང་སེམས་སྐྱོ་གྲོགས་ལེན། །
ས་འདི་ས་ངོ་མ་ཤེས་ན། །
ཕུ་དྲུག་སྤེན་ལུང་ཕྱུག་མོ་རེད། །
ང་དང་ང་ངོ་མ་ཤེས་ན། །
རི་སྒང་རྒྱུད་མ་ཆད་ཏི་སེ་རི། །
མི་གདུང་རྒྱུད་མ་ཆད་སྨུག་པོ་ལྡོང་། །
རྗེ་དཔོན་རྒྱུད་མ་ཆད་སྣང་ངུ་བུ། །
དུས་ད་ལོ་དགུང་ལོ་བཅུ་གསུམ་ཡིན། །
ན་སོ་ཆུང་ཡང་ཡ་རབས་རྒྱུད། །
ཆུ་འབབ་ཆུང་ཡང་གཡུ་མཚོའི་རྒྱུད། །
ཁྱུང་སྒོ་ངའི་ནང་ནས་གཤོག་དྲུག་རྒྱས། །
འཕུར་ཟེར་ན་ནམ་མཁའ་རླབས་ཀྱིས་གཅོད། །
སྟག་ཞོ་འཐུང་དུས་ནས་ཤ་དམར་ཟ། །
དཔའ་ཟེར་ན་འཛུམ་དྲུག་ལུས་ལ་རྒྱས། །
ཁོང་རྩལ་ཆེན་བུ་ལ་ཆེ་ཆུང་མེད། །
དགྲ་ཚུར་བྱུང་གཡས་རུའི་གོང་བ་གནོན། །
དཔའ་རྟིང་མ་དེ་བྱས་ལེན་ངེས་ཡིན། །
གནའ་མི་བོད་ཀྱི་གཞུང་གཏམ་ལ། །
ཕོ་ཁ་དགུ་བསྐོར་ན་བྱང་མ་ཡིན། །
བྱང་མའི་བྱང་གཏམ་ཤ་ར་ར། །
མོ་ཁ་དགུ་བསྐོར་ན་ཁྲམ་མ་ཡིན། །
ཁྲམ་མས་ཁྲམ་གཏམ་ཤུ་རུ་རུ། །
ཁྱི་ཁ་དགུ་བསྐོར་ན་རྐུན་མ་ཡིན། །
རྐུན་མས་སྣ་སུད་ཁྱི་ལི་ལི། །
ཟེར་བ་གནའ་མིའི་གཏམ་ལ་གྲགས། །
དེ་ནས་དར་བཟའ་སྒྲོན་ཆུང་མ། །
ངོ་མ་ཤེས་ངོ་ཕོད་བྱེད་དོན་མེད། །
ཁྱོད་བུ་མོ་གནས་མགོ་མ་འཁྱམས་དང་། །
ང་དཔའ་བོའི་ཇུས་ལ་ལོ་ཚོད་མེད། །
ང་གླིང་ལ་ཕར་འགྲོ་དགྲ་ལ་སྒྱུར། །
དྲིན་ཕ་མས་མ་བཤོལ་ཤ་ལེར་ཡོང་། །
གླིང་ཚོ་ཆེན་མ་བཤོལ་ཤ་ལེར་འོང་། །
ཁྱོད་མོ་སྨན་བཤོལ་རྒྱུ་ག་ལ་ཡོད། །
ནང་ཡར་ལངས་ཁྲི་གདུགས་དྲོ་འཇམ་འོད། །
ནུབ་མར་ཉལ་གྲིབ་སོའི་མགྲོན་ལ་ཐལ། །
བཤོལ་བསམ་སྟེ་ཉི་མ་ལ་ཕག་བཞུད། །
དེ་བཤོལ་དང་སྣང་ངུ་བཤོལ་བའི་རྟགས། །
དུས་དབྱར་གསུམ་མེ་ཏོག་རྩི་བཅུད་དེ། །
དགུན་མར་འགྲིབ་བ་མོའི་མགྲོན་ལ་ཐལ། །
བཤོལ་བསམ་སྟེ་སྤང་དཀར་འཁྱགས་ཀྱིས་བཟུང་། །
དེ་བཤོལ་དང་སྣང་ངུ་བཤོལ་བའི་རྟགས། །
ཤར་རྒྱ་ནག་འགྲིམས་པའི་ལ་རིང་མགྲོན། །
ལམ་སྐྱ་མོའི་རི་ཟུར་བརྒྱབ་ནས་ཐལ། །
བཤོལ་བསམ་སྟེ་ཕྱི་རྗེས་ཟིན་རབས་མེད། །
དེ་བཤོལ་ན་སྣང་ངུ་བཤོས་པའི་རྟགས། །
བུ་སྣང་ངུའི་བཤོལ་རྟགས་འཇོག་དགོས་ན། །
ཡང་མིན་ན་ཧོར་སེར་རང་ཚོད་ཟུངས། །
ཡང་མིན་ན་གེ་སར་བྱང་ནས་བོས། །
ཡང་མིན་ན་གུར་དཀར་མགོ་སྐེ་ལོངས། །
དེ་མིན་ན་སྣང་ངུ་བཤོལ་ལུགས་མེད། །
མེད་དོན་རྩ་བ་བཤད་པ་ན། །
ཧོར་ཨ་ཆེན་གཞུང་གི་གུར་དཀར་ཁོས། །
ལས་མ་བྱས་ཚོད་མེད་བློ་རྒྱག་འདི། །
གླིང་དཀར་པོས་ཅི་བྱེད་ལྟ་རྒྱུ་རེད། །
མ་ནུས་ལས་ལ་ཅི་ཡང་མེད། །
ཤི་ཟེར་ན་དགྲ་སྟེང་ཤི་ན་དགའ། །
ཁྱོད་བུ་མོ་གླིང་དཀར་སྟོད་ལ་སོང་། །
མཁར་ཁྲ་རྫོང་ནང་བཅུད་ཨེ་ཡོང་ལྟོས། །
མདུན་སྣ་ས་ཆུང་རྒྱུད་འབུམ་པ་ཡོད། །
བློ་གཏད་ས་དགྲ་ལྷ་རྩེ་རྒྱལ་གྱིས། །
དད་པ་སེང་ཆེན་དཔོན་ལ་གྱིས། །
བློ་ཡ་བློན་ཆེན་འདན་མ་ཡོད། །
གླིང་ལྷ་སྡེའི་མནའ་མ་ཕེར་ངེས་གྱིས། །
ཕ་སྤྱི་དཔོན་སྙིང་གཏད་ཡོང་ངེས་གྱིས། །
ང་སྣང་ངུ་ཤོར་ན་འགྱོད་པ་མེད། །
ཕོ་དཔའ་བོ་དགྲ་ལ་ཆས་ལེ་འདི། །
ཡང་མིན་དགྲ་ཤ་རློན་ཟས་དགོས། །
ཡང་མིན་ན་རང་སྲོག་འཇོག་ངེས་དགོས། །
ཅི་མ་ཡིན་ལ་སྡོད་རྒྱུ་མེད། །
ལ་བཞིན་བུ་མོ་སྣང་མཐོ་མ། །
ཤར་གླིང་དཀར་ལྷ་ཡི་ས་ཆ་ན། །
སྨན་བུ་མོ་འཕྱོར་འདོད་བྱེད་ས་མེད། །
ཁ་རྒོད་ངོ་རྒོད་འགྲོ་ས་མེད། །
ཕ་ཆེ་མ་བཙུན་འཁུར་ས་མེད། །
གཉོམ་ཆུང་གྱིས་དང་འཕྲལ་ཕུགས་བདེ། །
དཔའ་ཞལ་ལུ་ཁྲེལ་ན་ཁྲེལ་ངེས་ཡིན། །
སྲུ་འབྲུག་མོས་འཕྱས་ན་འཕྱས་ངེས་ཡིན། །
རེད་བསམ་ན་དེ་ཚོ་ཐུགས་ལ་ཞོག །
ཁྱོད་རང་མགོ་ཅི་འབབ་མི་ཤེས་པའི། །
ང་ཇག་འགྲོ་རྨི་ལམ་ཡོང་དོན་མེད། །
དེ་སྟེ་རྨི་ལམ་ཅི་བྱུང་དེ། །
བཟང་ན་གླིང་དཀར་སྟོད་ལ་སྨིན། །
ངན་ན་ཧོར་སེར་མགོ་ལ་བསྒྱུར། །
དེ་ནས་བུ་མོ་སྣང་མཐོ་མ། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
ཆོས་བདག་མེད་སྙིང་རུས་སུ་ཆེ་ཡིན། །
ཟོག་བདག་མེད་སྣང་བ་སུ་མཐོ་ཡིན། །
ཟེར་ལེ་འཇིག་རྟེན་གཞུང་ལ་དར། །
སྐྱིད་ན་མགོ་འཕང་མར་ལ་སྨོད། །
སྡུག་ན་སེམས་འཕང་ཡར་ལ་སྟོད། །
གླིང་སེང་ཆེན་བྱང་ནས་འཁོར་བ་ན། །
བོད་དབུ་ནག་བདེ་སྐྱིད་རང་འཁོར་ཡིན། །
དེ་གོ་ན་བུ་མོའི་ཡིད་ལ་ཞོག །
གླུ་མང་པོ་ལེན་པའི་ལོང་ཁོམ་མེད། །
ང་འགྲོ་སེར་པོ་ཧོར་ལ་འགྲོ། །
གླུ་འཁྲུལ་བར་སོང་ན་མཐོལ་ལོ་བཤགས། །
ངག་འཆལ་བར་སོང་ན་བཟོད་པར་བཞེས། །