ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མི་དམངས་རྩ་བའི་རྩེ་ལ་འཛིན་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས》ཞེས་པ་སྤེལ་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2023ལོའི་ཟླ་12པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བཏུས་བཀོད་པ་ཞིག་རེད།
རྩོམ་ཡིག་ནང་། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་། མི་དམངས་ནི་དཔའ་བོ་ངོ་མ་ཡིན། རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཡིན་ཞིང་། ཏང་གི་རྨང་གཞི་མི་དམངས་ཀྱི་ཁྲོད་དུ་ཡོད་པ་དང་། ཁྲག་རྒྱུན་མི་དམངས་ཀྱི་ཁྲོད་དུ་ཡོད་པ། སྟོབས་ཤུགས་མི་དམངས་ཀྱི་ཁྲོད་དུ་ཡོད་པ་བཅས་ཡིན། མི་དམངས་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་གདིང་ཤུགས་ཆེ་ཤོས་དང་། ང་ཚོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ་ཡིན་ཞིང་། ང་ཚོས་ཏང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་རྩ་བ་ཡིན། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ཞེས་ནན་སྟོན་གནང་ཡོད།
རྩོམ་ཡིག་ནང་། རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་ཡིན་ཞིང་། སྲིད་དབང་གཏོད་ཅིང་སྲིད་དབང་བརྟན་སྲུང་བྱེད་པ་སྟེ། བརྟན་སྲུང་བྱ་ཡུལ་དེ་མི་དམངས་ཀྱི་སེམས་པ་ཡིན། མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དང་སྲིད་ཏང་གཞན་དག་དབར་དབྱེ་བ་འབྱེད་པའི་མཚོན་རྟགས་མངོན་གསལ་ཞིག་ཡིན། ཏང་གི་ལས་དོན་ཐམས་ཅད་ནི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་བ་བྱེད་པའི་ཆེད་དུ་ཡིན། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་མཐའ་འཁྱོངས་དང་། མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་མཐར་ཕྱིན། མི་དམངས་ཀྱི་བྱེད་པོའི་གོ་གནས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱས་ཐོག མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། མི་དམངས་དང་གཅིག་སེམས་གཅིག་གཏད། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མི་དམངས་ཀྱིས་མངགས་བཅོལ་དོན་གཉེར་བཅས་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་ཟམ་མི་ཆད་པར་དོན་དངོས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པར། མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཤིག་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་ཧུར་ཐག་གཏོང་བ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་དང་། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་སྔར་ལས་མང་བས་དེ་བས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཁེ་ཐོབ་ཏུ་འཇུག་དགོས་པ་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་དེ་བས་མངོན་སུམ་གྱི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཟམ་མི་ཆད་པར་ཡོང་བ་བྱ་དགོས་ཞེས་བསྟན་ཡོད། །