༄༅།།འཛམ་བུ་གླིང་གི་རི་བོ་ཆེན་པོ་ལྔ་བསྟན་པ།

རིག་འཛིན་ཉི་མ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧི་མ་ལའི་བོན་གྱི་དྲ་བ་ལས་དྲངས། སྤེལ་དུས། 04-03


རི་བོ་རྩེ་ལྔའི་མཆོད་རྟེན།

དང་པོ། སྤྱིར་འཛམ་གླིང་གི་རི་བོ་ཆེན་པོ་ལྔ་མདོ་ཙམ་བསྟན་པ་ནི། དེ་ཡང་མི་མཇེད་པའི་འཇིག་རྟེན་ན་གནས་རི་ཆེ་མ་ཆུང་གསུམ་གྲངས་ལས་འདས་པ་ཞིག་ཡོད་པ་ནི་བརྗོད་ཀྱིས་མི་ལང་། མི་མཇེད་པའི་འཇིག་རྟེན་གྲགས་པའི་ཡུལ་གྱི་ནང་ཚན་ལྷོ་འཛམ་བུ་གླིང་ལ་རི་བོ་ཆེན་པོ་ལྔ་ཡོད། རི་བོ་ཆེན་པོ་པྲ་ཕུད་རྩེ་ལྔ་དང་བྲག་དགའ་འཁྱིལ་བ་ནི་རྒྱ་ནག་གི་ཡུལ་ལ་ཡོད། སའི་དབྱིབས་ནི་གཡུ་འབྲུག་འཁྱིལ་བ་དང་འདྲ། རི་བོ་ཆེན་པོ་ཨ་ཡ་ད་ར་དང་བྲག་ཆེན་གཡུང་དྲུང་ནི་གེ་སར་ཁྲོམ་གྱི་ཡུལ་ན་ཡོད། སའི་དབྱིབས་ནི་དུག་སྦྲུལ་འཁྱུགས་པ་དང་འདྲ། རི་བོ་ཆེན་པོ་ཏ་ལ་ཡ་དང་བྲག་གཡུང་དྲུང་པད་མ་སྤུངས་ནི་སྟག་གཟིག་གི་ཡུལ་ན་ཡོད། སའི་དབྱིབས་ནི་ཕག་ཆེན་པོ་རྒྱུག་པ་དང་འདྲ། རི་བོ་མ་ལ་ཡ་དང་བྲག་རི་བོ་བྱ་རྐང་ནི་རྒྱ་གར་ཡུལ་ན་ཡོད། སའི་དབྱིབས་ནི་བྱ་རྒོད་སྤུངས་པ་དང་འདྲ། རི་བོ་གངས་ཅན་ཏི་སེ་དང་བྲག་སེང་གེ་བརྒྱད་བསྣོལ་ནི་གངས་ཅན་བོད་ཀྱི་ཡུལ་ན་ཡོད། སའི་དབྱིབས་ནི་སེང་གེ་གནམ་མཆོང་དང་འདྲ། རི་བོ་ཆེན་པོ་དེ་ལྔ་སེམས་ཅན་གཟུགས་སུ་བཀོད་ཡོད་པས། འཛམ་བུ་གླིང་གི་མི་རྣམས་ཉོན་མོངས་དུག་ལྔ་རྒྱས་པར་དོན་དུ་བསྟན་པར་བཤད།1 དེ་བཞིན་དུ། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ལས། འཛམ་བུ་གླིང་འདི་ནི་རིན་པོ་ཆེའི་རྐང་བཞི་ཤར་ནས་ནུབ་ཏུ་འབྲེལ་ནས་ཡོད། རི་བོ་ཆེན་པོ་ལྔ་ཡོད་དེ། རི་བོ་རྩེ་ལྔ་དང་། རི་བོ་བྲག་དགའ་བའི་དཔལ་འབྲུག་བསྐུམ་པ་འདྲ་བ། རྒྱ་ནག་ན་ཡོད། རི་བོ་ཆེན་པོ་ཨ་རྡ་ར་དང་། བྲག་རི་དུག་སྦྲུལ་རྒྱུག་པ་འདྲ་བ་གེ་སར་གྱི་ཡུལ་ན་ཡོད། རི་བོ་པོ་ཏ་ལ་དང་། བྲག་གཡུང་དྲུང་དོན་སྤུངས་ཕག་ནག་འདུར་བ་འདྲ་བ། སྟག་གཟིག་ན་ཡོད། རི་བོ་ཆེན་པོ་མ་ལ་ཡ་དང་། བྲག་བྱ་རྐང་ཅན་བྱ་རྒོད་སྤུངས་པ་འདྲ་བ། རྒྱ་དཀར་ན་ཡོད་དོ། །རི་བོ་གངས་ཅན་དང་། བྲག་ཤ་འབལ་སེང་གེ་འཆོང་བ་འདྲ་བ་བོད་ཡུལ་ན་ཡོད་དོ། །རི་བོ་དེ་ལྔ་རྣམས་སེམས་ཅན་ལྔའི་གཟུགས་སུ་ཡོད་པས་འཛམ་གླིང་བ་དུག་ལྔ་རགས་པའོ། །ཞེས་གསུངས་སོ། །

རྒྱ་ནག་གི་གནས་རི་བསྟན་པ།

གཉིས་པ་བྱེ་བྲག་ཏུ་རྒྱ་ནག་གི་གནས་རི་བསྟན་པ་ནི། སྤྱི་རྒྱ་ནག་ལ་གནས་རིའམ་རི་བོ་སྐད་གྲགས་ཅན་མང་པོ་ཡོད་པ་ལས། ཧྲན་ཏུང་གི་ཐའི་རི་བོ་དང་། ཨན་ཧུ་ཡི་སེར་པོ་རི། སི་ཁྲོན་གྱི་གླང་ཆེན་འགྱིང་རི། ཅང་ཞི་ཡི་ལུའི་རི་བོ། ཅི་ལིན་གྱི་ཁྲང་པའི་རི་བོ། ཧྲའ་ཞི་ཡི་དཔལ་གྱི་རི་བོ། ཧྥུ་ཅན་གྱི་ཝུའུ་དབྱི་ཧྲན།  ཧྲན་ཞི་ཡི་རི་བོ་རྩེ་ལྔ་སོགས་ཡོད། རྒྱ་ནག་ནང་བསྟན་གྱི་གནས་རི་སྐད་གྲགས་ཅན་བཞི་ཡོད་དེ། ཨན་ཧུའི་རི་བོ་དཔལ་རི་རྩེ་དགུ ནི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་གནས་རི་དང་། ཧྲན་ཞིའི་རི་བོ་རྩེ་ལྔ།  ནི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གནས་རི། ཀྲེ་ཅང་གི་རི་བོ་གྲུ་འཛིན་ནམ་པོ་ཏ་ལ། ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གནས་རི། སི་ཁྲོན་གྱི་རི་བོ་གླང་ཆེན་འགྱིང་རི་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་གནས་རི་ཡིན་པར་བཤད། རྒྱ་ནག་ཏའོ་ཇོའི་ཆོས་ལུགས་ཀྱི་གནས་རི་ཆེན་པོ་བཞི་ནི། ཧུའུ་པེ་ཡི་བོང་གི་རི་བོ། ཨན་ཧུ་ཡི་སྤྲིན་སྡེབ་རི་བོ། སི་ཁྲོན་གྱི་མཁར་སྔོན་པོ་རི་བོ། ཅང་ཞིའི་སྟག་འབྲུག་རི་བོ དང་བཞི་ཡིན། རི་བོ་གྲགས་ཅན་འདི་བཞི་ནི་ཀྲུང་གོའི་ཏའོ་ཇོའི་གནས་མཆོག་གོ །

 རྒྱ་ནག་བོན་གྱི་གནས་རི་བསྟན་པ།

གསུམ་པ་རྒྱ་ནག་བོན་གྱི་གནས་རི་ངོས་འཛིན་བསྟན་པ་ནི། རྒྱ་ནག་ལེགས་ཏང་རྨང་པོའི་སྒྲུབ་གནས་རྒྱ་ནག་རི་བོ་རྩེ་ལྔ། ལི་ཤུ་སྟག་རིང་གི་སྒྲུབ་གནས་རྒྱ་ནག་འབྲིམ་ཐང་སྣར་བ།2 ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་གླང་ཆེན་འགྱིང་བའི་རི་བོ། ཀེང་ཙེ་ལན་མེད་ཀྱི་སྒྲུབ་གནས་ལ་མོ་རྩེ། ཀོང་ཙེ་འཕྲུལ་རྒྱལ་གྱི་སྒྲུབ་གནས་རྒྱ་ནག་ཀ་ཅི་བྱམས་པ་འབུམ་གླིང་། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་སྒྲུབ་གནས་རྒྱ་ནག་གོང་བུ་དམར་རུ། རྒྱ་ནག་གོང་བུ་དམའ་རུ་ལ་བོན་དགུ་དུས་གཅིག་ལ་སངས་རྒྱས་སོ། །3རྒྱལ་པོ་གཙུག་ལག་དམ་པའི་སྒྲུབ་གནས་རྒྱ་ནག་ཏིང་ཤོ་ཁྲི་སྒོ། རྒྱ་ནག་ལེགས་ཏང་རྨང་པོའི་གཏེར་གནས་རྒྱ་ཡི་མཆོད་རྟེན་ཀ་རུ་4སོགས་མང་ངོ་། །གཞན་ཡང་། བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་ནང་དུ། མ་རྒྱུད་ཐུགས་རྗེ་ཉི་མ་ལས། རྒྱ་ནག་གོང་མར་མཁའ་འགྲོ་འུག་གདོང་ལྔ། དབུས་ལ་མོ་རྩེ་འདུས་མཁའ་འགྲོ་འུག་གདོང་། ཤར་རི་བོ་རྩེ་ལྔའི་མཁའ་འགྲོ་འུག་གདོང་། བྱང་ཟིང་ཆུ་ནགས་རིང་མཁའ་འགྲོ་འུག་གདོང་། ནུབ་ཀུ་བྱི་འཇང་འདུལ་མཁའ་འགྲོ་འུག་གདོང་། ལྷོ་ཁྱི་ཐན་ཁ་གནོན་མཁའ་འགྲོ་འུག་གདོང་། མ་རྒྱུད་མཁའ་འགྲོའི་འདུ་གནས་ཞེས་པ་སྟེ།5 ཞེས་རྒྱ་ནག་ལ་བོན་གྱི་འདུ་གནས་མང་པོ་ཡོད་པར་བསྟན། ཤར་ཕྱོགས་རི་བོ་རྩེ་ལྔ་དེ་མ་རྒྱུད་མཁའ་འགྲོ་འུག་གདོང་ལྔའི་སྒྲུབ་གནས་ཡིན་པར་བསྟན།

རི་བོ་རྩེ་ལྔའི་གནས་ངོས་འཛིན་ཚུལ་བསྟན་པ།

བཞི་པ་རི་བོ་རྩེ་ལྔའི་གནས་ངོས་འཛིན་པ་ནི། སྤྱི་རི་བོ་རྩེ་ལྔ་ཞེས་བརྗོད་པའི་ཚེ་རི་བོ་རྩེ་ལྔ་ཡིན་ན་ངེས་ཅན་དུ་རྒྱ་ནག་ཧྲན་ཞིའི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གནས་ཆེན་རི་བོ་རྩེ་ལྔ་དེ་ཡིན་པའི་ངེས་པ་མེད་དེ།  ཧྲའ་ཞིའི་ས་ཆ་ལ་རི་བོ་རྩེ་ལྔ་ཞེས་གྲགས་པའི་གནས་རི་གཉིས་ཡོད་པ་ལ་ལྷོའི་རི་བོ་རྩེ་ལྔར་གྲགས། སྤོས་ངད་ལྡན་པའི་གྲོང་ཁྱེར་སོགས་ལའང་དེ་བཞིན་དུ་རི་བོ་རྩེ་ལྔ་གྲགས་པའི་གནས་རི་དང་དགོན་པའང་ཡོད་དོ། །སྐབས་སུ་བབ་པའི་གླེང་བ་བྱ་བ་ནི་རྒྱ་ནག་ཧྲན་ཞི་ན་ཡོད་པའི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གནས་སམ་མ་རྒྱུད་མཁའ་འགྲོ་འུག་གདོང་གི་གནས་ཆེན་རི་བོ་རྩེ་ལྔ་པ་དེ་ཡིན། རི་བོ་དེ་ལ་ཤར་རི། བྱང་རི། ནུབ་རི། ལྷོ་རི། དབུས་རི་དང་ལྔ་ཡོད་པ་དེ་ལ་སྨྲ་སེང་རིགས་ལྔའམ་འཇམ་དབྱངས་རིགས་ལྔའི་གནས་ཡོད་པས་རི་བོ་རྩེ་ལྔ་ཞེས་གྲགས་སོ། །སྤྱིར་རྒྱ་ནག་གི་ལོ་རྒྱུས་ལྟར་ན། རི་བོ་རྩེ་ལྔ་དེ་ལ་ཐོག་མ་སྨུག་རི་ལྷུན་པོ་རྩེ་ལྔ་དང་། ཏའོ་ཅའོ་སྒྲུབ་གནས་རྩེ་ལྔ་ཟེར། གནས་འདིར་སྔར་ཏའོ་ཅའོ་ཆོས་ཀྱི་རབ་བྱུང་པ་རྣམས་ཀྱིས་ཐོས་བསམ་བྱེད་སའི་གནས་ཤིག་ཡིན། ཕྱིས་ཏུང་ཧན་རྒྱལ་རབས་ལོ༡༡(སྤྱི་ལོ༦༨ལོ)སྐབས་སུ། དེང་རྒྱ་གར་གྱི་དགེ་འདུན་པ་འོད་སྲུང་མོའུ་ཐུ་ ཞེས་པ་དེ་རྒྱ་གར་ནས་ལོ་ཡན་རྟ་དཀར་དགོན་དུ་ཕེབས། དེ་ནས་སྨུག་པོ་ལྷུན་པོ་རྩེ་ལྔར་ཕེབས་དུས། བླ་ཆེན་གྱིས་གནས་དེ་ནི་འཇམ་པའི་དབྱངས་བྱང་ཆུབ་སེམས་དཔའ་ཆོས་འཁོར་བསྐོར་བའི་གནས་རི་རེད་ཅེས་ཟེར། འོན་ཀྱང་གནས་དེར་བཞུགས་ཡོད་པའི་ཏའོ་ཅའོ་ཆོས་ཀྱི་རབ་བྱུང་པ་རྣམས་མོས་མཐུན་མ་བྱུང་བས་ཁོ་ཚོའི་བར་དུ་འགྲན་རྩོད་ཆེན་པོ་བྱུང་། མཇུག་འབྲས་རྒྱ་གར་བླ་ཆེན་གྱིས་རྒྱལ་ཁ་བླངས། དེ་ནས་བཟུང་ནང་བསྟན་གྱི་དགོན་པ་བཏབས་ནས་བཟུང་རི་བོ་རྩེ་ལྔ་ཡང་ནང་བསྟན་གྱི་གནས་རི་ཆེན་པོ་བཞིའི་ནང་ཚན་རི་བོ་གྲགས་ཅན་དུ་གྱུར།

རི་བོ་རྩེ་ལྔ་དེ་བོན་གྱི་གནས་རི་ཡིན་པར་བསྟན་པ།

ལྔ་པ་རི་བོ་རྩེ་ལྔ་དེ་བོན་གྱི་གནས་རི་ཡིན་པར་བསྟན་པ་ལ། སྤྱིར་བོན་གྱི་བསང་ཡིག་རྣམས་སུ་རི་བོ་རྩ་ལྔ་དེ་རྒྱ་ནག་ཡུལ་གྱི་གཞི་བདག་ཅིག་ལ་ངོས་འཛིན་བྱེད་ཡོད་དེ། དུས་རབས་བཅུ་བཞི་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ༡༣༦༠ལོར་སྐུ་འཁྲུངས་པའི་བློ་ལྡན་སྙིང་པོས་མཛད་པའི་བསང་མཆོད་ཡིད་བཞིན་ནོར་བུ་ལས། རི་བོ་རྩེ་ལྔ་ལ་སོགས་ཏེ། །རྒྱ་ནག་ཡུལ་གྱི་གཞི་བདག་བསང་། །7ཞེས་གསུངས་སོ། །གཞི་བདག་དང་གནས་རི་གཉིས་ལ་ཁྱད་པར་ཡོད་ཀྱང་། དེ་གཉིས་འགལ་བ་ཡང་མ་ཡིན་ཏེ། དཔེར་ན། གངས་དཀར་རྒྱལ་པོ་དེ་གནས་རི་ཡང་ཡིན་ལ་གཞི་བདག་ཡང་ཡིན་ནོ། །རི་བོ་རྩེ་ལྔ་དེ་ནི་གཞི་བདག་ཡང་ཡིན་ལ་གནས་རི་ཡང་ཡིན། གནས་རི་ཡིན་ཏེ། མ་རྒྱུད་སྒྲུབ་གཞུང་ལས། རྒྱ་ནག་གོང་དམར་མཁའ་འགྲོའ་འུག་གདོང་ལྔ། །དབུས་ཕྱོགས་ལ་མོ་རྩེའི་མཁའ་འགྲོའ་མ། །ཤར་ཕྱོགས་རི་བོ་རྩེ་ལྔའི་འུག་གདོང་ལྔ། །བྱང་ཕྱོགས་ཟིན་ཆུ་ནག་རིང་འུག་གདོང་ལྔ། །ནུབ་ཕྱོགས་ཀུ་བྱི་འཇང་འདུལ་འུག་གདོང་ལྔ། །ལྷོ་ཕྱོགས་ཁྱི་ཐན་ཁ་གནོན་འུག་གདོང་ལྔ། །རྒྱ་ནག་གནས་ཆེན་མ་ལྔ་གཏོར་མ་བཞེས། །བར་ཆོད་བདུད་གདོན་དགྲ་བགེགས་ཚོགས་སུ་བསྒྲོལ། །8ཞེས་ཤེས་རབ་གཙོ་བོ་བསྟན་པའི་གསང་མཆོག་མ་རྒྱུད་ལྷ་འཁོར་སུམ་བརྒྱ་དྲུག་ནང་ཚན་རྒྱ་ནག་མཁའ་འགྲོ་འུག་གདོང་ལྔའི་གནས་ཀྱི་ཡ་གྱལ་ཞིག་ཡིན་པར་བསྟན་ཡོད།9 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ་ལས། ཡང་བོན་བརྒྱ་ཚང་གི་བསྟན་རྩིས་ལས། བོད་རྒྱལ་གཉའ་ཁྲི་རྒྱལ་སར་བསྐོས་ནས་ལོ་དྲུག་ཅུ་བ། (བསྟན་ལོ༣༠༧༣)ཤིང་བྱི་ལ་སྨྲ་བའི་སེང་གེའི་རྣམ་པར་འཕྲུལ་བ་གཤེན་རབ་མཆོག་གི་སྐུ་སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་སྐུ་ཚ་ཀོང་ཚ་འཕྲུལ་བསྒྱུར་དེ་ཉིད་སླར་ཡང་རྒྱ་ནག་རི་བོ་རྩེ་ལྔར་རྫུས་སྐྱེས་ཚུལ་བསྟན་ནས་རྩིས་རྒྱུད་ཐོག་མར་གསུངས་སོ། །10རྒྱ་ནག་གི་རི་བོ་རྩེ་ལྔ་ནི་བོན་གྱི་གནས་ཕྲན་བརྒྱ་དང་ཉི་ཤུའི་ནང་ཚན་དང་།11 བོན་གྱི་མ་རྒྱུད་ཀྱི་གནས་ཆེན་བརྒྱ་དང་ཉི་ཤུའི་ཡ་གྱལ་ཡང་ཡིན་ནོ།12 །དྲན་པ་བཀའ་ཐང་སོགས་ལས་རྒྱ་ནག་མཁས་པ་ལེགས་ཏང་རྨང་པོའི་སྒྲུབ་གནས་ཡིན་པར་བསྟན་ཚུལ་ནི་འོག་ཏུ་གསལ་ལོ། །རི་བོ་རྩེ་ལྔ་དེ་བོན་གྱི་གནས་རི་ཡིན་པར་མ་ཟད། བོན་གྱི་གཏེར་གནས་གལ་ཆེན་ཞིག་ཀྱང་ཡིན་ཏེ། དྲན་པའི་རྣམ་ཐར་ལས།13 །རོང་ཆེན་བཞི་དང་ཤོད་ཆེན་བཅོ་བརྒྱད་དང་༔ རྒྱ་སོ་དར་རྩེ་རི་བོ་རྩེ་ལྔ་ཡན༔ གཏེར་གཡོག་སུམ་བརྒྱ་ཡང་གཡོག་གྱུར་པ་ལ༔ བདུན་བརྒྱ་ཉི་ཤུ་ཐམ་པའི་གྲངས་སུ་སྦས༔ ཞེས་གསལ་བ་གསུངས་སོ། །དེ་ལྟར་ན་དུས་རབས་བརྒྱད་པ་ཡས་མས་སུ་རྒྱ་ནག་རི་བོ་རྩེ་ལྔ་དེ་བོན་གྱི་གཏེར་གནས་ཡིན་པ་དང་། གནས་རི་དེ་ལ་དྲན་པ་ནམ་མཁའ་སོགས་ཕེབས་ནས་བོན་གྱི་གཏེར་གཞུང་སྦས་ཚུལ་སོགས་འོག་ཏུ་གསལ་ལོ། །འོན་ཀྱང༢༠༠༩ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ་པའི་སེ་ཀྲི་ངག་དབང་བསྟན་དར་ལགས་ཀྱིས་བརྩམས་པའི《དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད》ཅེས་པ་ལས། “དེ་ལྟར་སངས་རྒྱས་ཀྱི་བསྟན་པ་མ་ཧཱ་ཙི་ནའི་ཡུལ་ཕྱོགས་འདིར་དཔྱིད་དཔལ་བཞིན་དར་བས། གཉུག་མར་གནས་པའི་བོན་པོ་རྣམས་ན་རེ། ལུགས་སྲོལ་མི་མཐུན་པའི་ཆོས་ལུགས་འདི་དག་ས་ཕྱོགས་འདིར་དར་མི་རུང་ཞེས་རྒྱུ་མཚན་མང་པོ་ཞིག་བཤད། སྔ་ནས་རི་བོ་འདིར་འཁོད་པའི་བོན་པོ་པེ་ལོའུ་དང་རི་གཉན་ཆེན་པོ་ལྔའི་བོན་པོ་ཆུ་ཤན་ཤིན་ལ་སོགས་པས་ང་རྒྱལ་གྱི་ཚ་ངར་ངང་གྲོས་བྱས་ནས། གླེགས་བམ་རྣམས་མེར་བསྲེགས། བདེན་རྫུན་གྱི་ཤན་ཕྱེས་ཤིག་ཅེས་རྒྱལ་པོ་ལ་ཞུས་པ་དང་གོང་མས་ཀྱང་དེ་བཞིན་བྱ་བར་གནང་ངོ་། །དེ་ནས་ནང་བསྟན་དར་བའི་ལོ་བཅུ་བཞིའི་རྗེས་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉིན། རྒྱལ་པོ་པེ་མ་སི་ཞེས་པའི་དགོན་པར་ཕྱག་འཚལ་དུ་ཕེབས་པ་ན། བོན་པོ་རྣམས་ཀྱིས་སྟེགས་མཐོན་པོས་དཀྱིལ་འཁོར་བྱས་ཏེ་ཙི་བདུན་ཅུ་རྩ་གཉིས་པའི་གླེགས་བམ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཞག་པ་དང་། མ་ཏང་ཀས་ཀྱང་སྟོན་པའི་རིང་བསྲེལ་དང་སྐུ་བརྙན་གླེགས་བམ་དང་བཅས་དཀྱིལ་འཁོར་གཡས་ལོགས་བཞུགས་སུ་གསོལ། དེ་ནས་བོན་པོ་རྣམས་ཀྱིས་མཆོད་པའི་བྱེ་བྲག་མང་པོ་ཕུལ་ཏེ་བདེན་པ་འདི་སྐད་ཅེས་བརྡར་རོ། །གོང་མ་ཐའི་ཇི་ཏཱ་ཏོའུ་ཡན་ཤི་ཐེན་སོགས་དྲང་སྲོང་ཆེན་པོ་རྣམས་དང་། ལྷའི་ཚོགས་ལ་གསོལ་འདེབས་ཀྱི་སྙིང་བོར། དེང་སང་ཤཱཀྱ་བའི་ཚུལ་ལུགས་འདི་དག་གིས་རང་རེའི་ཡུལ་དབུས་ན་གནས་པ་རྣམས་ཀྱི་ལུགས་སྲོལ་གྱི་མཐིལ་གཏོར་ཏེ་བོན་པོའི་ཆོས་ལུགས་ཉམས་པར་བཅུག་པ་ལ་ངེད་ཅག་གིས་གླེགས་བམ་བསྲེགས་ནས་མི་ཤེས་པ་རྣམས་ཀྱི་འཁྲུལ་བ་བསལ་ཏེ་བདེན་རྫུན་ཤན་དབྱེ་བར་འདོད་དོ་ཞེས་སྨྲས་ནས་གླེགས་བམ་རྣམས་མེར་བསྲེག་པ་དང་། ཚིག་ནས་ཐལ་བར་སོང་བས་བོན་རྣམས་ཀྱི་དྲག་པ་བག་ལ་ཞ་བར་གྱུར་ཏོ། །ནང་བའི་སྐུ་བརྙན་དང་གླེགས་བམ་རྣམས་འབར་བའི་མེས་ཀྱང་མ་རེག་ལ། རིང་བསྲེལ་དང་བཅས་པ་ལྷེན་ནེ་ལྷང་ངེར་སྟེང་གི་ནམ་མཁའ་ན་གདུགས་བཞིན་གནས་སོ། །འཕགས་པ་གཉིས་ཀྱང་ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་རྣམ་པར་བཅོ་བརྒྱད་བསྟན་པས་རྒྱལ་པོ་ཡང་ཐུགས་ཤིན་ཏུ་དད་ཅིང་ངོ་མཚར་དུ་གྱུར”ཞེས་པ་དེ་ལ་སྨར་བསྟན་འཛིན་རྣམ་རྒྱལ་གྱིས《རི་བོ་རྩེ་ལྔའི་དཀར་ཆག་རབ་གསལ་མེ་ལོང》ཚོར་སྣང་ཞེས་པ་ལས། བོན་པོའི་ཆོས་པ་དང་རྒྱ་གར་གྱི་གྲྭ་བ་གཉིས་འགྲན་ཏེ་རྒྱལ་ཕམ་བྱས་པའི་ཚུལ་བཀོད་ཡོད་ལ་རྩོམ་པ་པོ་དེས་ཀྱང་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི《རི་བོ་རྩེ་ལྔའི་གནས་བཤད་ཉི་མའི་སྣང་བ》དང་། ཛྙཱ་ཤྲཱི་མན་གྱིས་རྩམས་པའི《རི་བོ་རྩེ་ལྔའི་དཀར་ཆག་རབ་གསལ་མེ་ལོང》སོགས་དཔྱད་གཞིར་བྱས་ཏེ་བྲིས་པ་ཞིག་རེད། ལར་རྩོམ་པ་པོ་དེ་དག་ལས་སུ་ཞིག་གིས་རྒྱ་གར་གྱི་དགེ་སློང་དང་བོན་པོ་རྣམས་ཀྱིས་འགྲན་བཙལ་བའི་གཏམ་རྒྱུད་དེ་བཤད་པ་ཞིག་ཡིན་རུང་། གཞི་རྩ་ངས་གོང་དུ་བཀོད་པའི་རྒྱ་གར་གྱི་དགེ་སློང་གཉིས་དང་རྒྱ་ནག་གི་ཏའོ་ལུགས་པ་རྣམས་ཀྱིས་མཐུ་འགྲན་ཏེ་རྒྱལ་ཕམ་གྱི་དབྱེ་བ་བཀར་ཚུལ་དང་ཀུན་ནས་མཚུངས། ཁོང་གིས་བོན་དུ་བསྙད་པའི་ཙི་བདུན་ཅུ་རྩ་གཉིས་པའི་གླེགས་བམ་ཞེས་པ་ཞིག་བོན་པོར་ཁྱོན་ནས་མེད་པ་ངེས་གཏན་བྱེད་ཆོག་པར་མ་ཟད། ད་དུང“ཙི”ཞེས་པ་རྒྱའི་སྐད་ཡིག་ཅིག་ཡིན་པས་ཁས་འཆེ་ཆོག་པར་བཅས་ཕྱོགས་གང་ནས་བལྟས་རུང་རྒྱ་ནག་རང་སའི་ཆོས་ལུགས་ཏའོ་ཅའོ་ཟེར་བ་དེ་བོན་ཆོས་ལ་གོ་བ་བླངས་ཏེ་གཏམ་རྒྱུད་ཀྱི་ཚུལ་དུ་བཤད་པ་ཞིག་ཡིན་པར་སྣང་། ཞེས་ལན་བཏབས་པ་དེ་ཡང་བསྐྱར་སྨྲ་བ་ལ་དགོས་པ་མེད་དོ། །མདོར་བསྡུས་ནས་བཤད་ན། སེ་ཀྲི་ངག་དབང་བསྟན་དར་ཁོང་བོན་པོའི་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་གཉིས་ཀྱི་ཁྱད་པར་མ་ཤེས་པ་དང་། རྒྱ་ནག་གིས་བཤད་པ་ལྟར་གྱི་རི་བོ་རྩེ་ལྔའི་ལོ་རྒྱུས་ལ་ཞིབ་འཇུག་མ་བྱས་པའི་འཁྱོག་བཤད་ཤ་སྟག་གོ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1