བཙན་ལྷ་རྫོང་དུ་རི་འཛེགས་མཁན་ཞིག་རྐྱེན་ལམ་དུ་ཤོར་འདུག

སྒྲིག་སྒྱུར། ཀུན་བཟང་དབང་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-07


ཟླ་4ཚེས་3ཉིན་གསར་འགོད་པར་སི་ཁྲོན་བཙན་ལྷ་རྫོང་ཀྱོ་སྨད་ཤང་སྲིད་གཞུང་དང་སྣེ་ཤན་པ་མང་པོ་ཞིག་གི་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་1ཉིན་རི་འཛེགས་ལ་དགའ་བའི་སྐྱེས་པ་ཞིག་རྔ་བའི་བཙན་ལྷ་རྫོང་ཁོངས་ཀྱི་ཀྱོ་སྨད་ལུང་ཤུར་གྱི་ཐུའུ་ཅི་ན་རི་བོར་འཛེགས་པའི་ལམ་བར་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་ཡོད།

དོན་རྐྱེན་ཐོན་རྗེས། མི་ཞིག་གིས་རོགས་སྐྱོར་ཞུ་བའི་ཉེན་བརྡ་འབྱོར་རྗེས་ས་གནས་དེ་གའི་སྲིད་གཞུང་དང་འཕྲོད་བསྟེན། མེ་ཟོན། ཉེན་རྟོག་ཕྱོགས་སོགས་སྡེ་ཚན་གྱིས་རོགས་སྐྱོབ་བྱས་པ་རེད། ད་ཐེངས་ཀྱི་རོགས་སྐྱོབ་ནང་ཞུགས་མྱོང་བའི་ས་གནས་དེ་གའི་སྣེ་ཤན་པ་དབང་རྒྱལ་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་དེ་ར་སྤྲོད་བྱས་པ་དང་། སྐབས་དེ་དུས་ང་ཚོར་རི་བོའི་ཐོག་མི་ཞིག་དང་འབྲེལ་བ་ཆད་པའི་གནས་ཚུལ་འབྱོར་རྗེས་འཕྲལ་མར་དེ་གར་བསྐྱོད་པ་དང་། རུ་སྣེ་ཁྲིད་མཁན་གྱི་མི་མེད་གནམ་གྲུ་སྤྱད་དེ་གནས་ཚུལ་ཤེས་རྟོགས་བྱེད་སྐབས་འབྲེལ་ཐག་ཆད་པའི་སྐྱེས་པ་དེ་གཡང་དུ་ལྷུངས་བ་ཤེས་རྟོགས་བྱུང་ཞེས་བརྗོད་པ་རེད།

དབང་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4ཚེས་1ཉིན་ང་དང་གྲོང་མི་གཞན་དག་ལ་ཁ་པར་འབྱོར་རྗེས་རོགས་སྐྱོབ་ནང་ཞུགས་པ་ཡིན། རྐྱེན་ལམ་དུ་ཤོར་བ་ནི་སྐྱེས་པ་ཞིག་ཡིན་པ་དང་རྐྱེན་ལམ་དུ་ཤོར་ཡུལ་ནི་གཡང་གཟར་ཞིག་རེད་འདུག སྐྱེས་པ་དེ་ནི་ཀྱོ་སྨད་ལུང་ཤུར་གྱི་གསར་དུ་བཏོད་པའི་ཐུའུ་ཅི་ན་རིའི་ལམ་ཐིག་ཏུ་རྐྱེན་ངན་འཕྲད་ཅིང་། རོགས་སྐྱོབ་མི་སྣས་ཆུ་ཚོད་ཁ་ཤས་འབད་བརྩོན་བྱས་མཐར་རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོ་རི་གཤམ་དུ་བསྐྱལ་ཐུབ་ཡོད། ས་ཆ་དེར་གསར་སྤེལ་བྱས་མེད་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་ཁ་ཏ་བྱས་ཀྱང་མ་ཉན་པར་རིར་འཛེགས་མཁན་མང་པོ་འདུག་ཤེས་བརྗོད་པ་རེད། 

ཀྱོ་སྨད་ཤང་གི་འགན་འཁུར་བ་ཞིག་གིས་གསར་འགོད་པར། རྐྱེན་ལམ་དུ་ཤོར་མཁན་དེ་ནི་རང་ལོ་49ལ་སླེབས་པའི་སྐྱེས་པ་ཞིག་ཡིན་པ་དང་། སི་ཁྲོན་ཀོང་ཨན་གྱི་མི་ཡིན་ཞིང་ཁྲུང་ཆིང་དུ་གཞིས་ཆགས་ཡོད། རིར་མ་འཛེགས་གོང་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་ལེན་ཉོས་འདུག་ཅེས་ངོ་སྤྲོད་གནང་བ་དང་། རང་བྱུང་ཁམས་ལ་བཀུར་ཞིང་སྐྲག་དགོས་པ་མ་ཟད། ཕྱི་རོལ་གྱི་བྱེད་སྒོ་ནི་ཉེན་ཁ་ཆེ་བ་དང་གནས་ཚུལ་ཐོན་སླ་བས། ཚང་མས་རང་ཉིད་ཀྱི་བདེ་འཇགས་ལ་འགན་འཁུར་དགོས་ཞེས་དྲན་སྐུལ་ཞུས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དོན་རྐྱེན་དེའང་ཉེ་བའི་ལོ་ཤས་རིང་ཀྱོ་སྨད་ཤང་དུ་ཐོན་པའི་ཡུལ་སྐོར་བ་གར་སོང་ཆ་མེད་དུ་གྱུར་བ་དང་ཐོལ་བྱུང་དབང་གིས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐེངས་ལྔ་པ་དེ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གས་རོགས་སྐྱོབ་དཔུང་ཁག་ཐད་སྐུ་བླ་རི་བོའི་མ་དཔེ་བེད་སྤྱོད་བྱས་ནས་ཕྱི་རོལ་གྱི་རི་འཛེགས་ལུས་རྩལ་སྤྲོ་སྐྱིད་ཁང་བཙུགས་ཏེ། ཆེད་ལས་ཀྱི་ཐོབ་ཐང་ལྡན་པའི་རི་འཛེགས་མཉམ་ལས་དང་རོགས་སྐྱོབ་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས་ཆེད་ལས་ཀྱི་ཕྱི་རོལ་གྱི་ལུས་རྩལ་བྱེད་སྒོ་སྤེལ་རྒྱུ་རེད། རྨང་གཞིའི་སྒྲིག་བཀོད་ཐད། ས་གནས་དེ་གའི་སྲིད་གཞུང་གིས་གཞུང་ལམ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་3Aམཛེས་ལྗོངས་ཁུལ་ལྟར་བསྐྲུན་རྩིས་ཡོད་པ་རེད། 

འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ས་གནས་དེ་གས་མ་དངུལ་སྒོར་ཁྲི་2300ལྷག་ཙམ་བཏང་ནས་མི་འཚོ་སྡོད་ཁོར་ཡུག་དང་འཚམ་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ནས་འགོ་བཙུགས་ཏེ་བསྐྲུན་རྒྱུ་ཡིན་པ་རེད། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་མ་ཕྱིན་གོང་། ས་གནས་དེ་གས་གནས་སྐབས་རིང་ཡུལ་སྐོར་བ་ཕྱི་རོལ་གྱི་རི་འཛེགས་བྱེད་སྒོ་སྤེལ་མི་རུང་བའི་གྲོས་འགོ་འདོན་རྒྱུ་ཡིན། མིག་སྔར་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་དོན་རྐྱེན་དེའི་ཐད་བརྟག་དཔྱད་བྱེད་མུས་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1