རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་2024ལོའི་སློབ་སྦྱོང་(རྒྱས་འཛོམས)གྲོས་ཚོགས་ཐེངས་གཉིས་པ་འཚོགས།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།གནས་མཆོག་རྔ་བ། སྤེལ་དུས། 04-09


ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་རྔ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས།

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་2024ལོའི་སློབ་སྦྱོང(རྒྱས་འཛོམས)གྲོས་ཚོགས་ཐེངས་གཉིས་པ་འཚོགས། 

ལུའོ་ཀྲེན་ཧྭ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།

སྤྱི་ཟླ་4ཚེས་7ཉིན། རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་2024ལོའི་སློབ་སྦྱོང(རྒྱས་འཛོམས)གྲོས་ཚོགས་ཐེངས་གཉིས་པ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་དང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་གྲོས་ཚོགས་གལ་ཆེན་དང་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་ཀྱི་དགོངས་དོན་ལ་གཅིག་བསྡུས་སློབ་སྦྱོང་བྱས་ཤིང་། ཏང་ཙུའུ་ཡི་ཁོངས་མི་ཁག་གཅིག་གིས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོ་གཞིར་བཟུང་ནས་སྤེལ་རེས་གཏམ་བཤད་གནང་།

ལུའོ་ཀྲེན་ཧྭ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་སྐོར་གྱི་གསུང་བཤད་གལ་ཆེན་གྱིས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱི་གཞི་རྩའི་ཁྱད་ཆོས་དང་གཏིང་ཟབ་པའི་ནང་དོན། སྲོག་ཤིང་གི་མཚོན་རྟགས། ངོ་བོའི་གནད་འགག་སོགས་གཞི་རྩའི་གཞུང་ལུགས་ཀྱི་གནད་དོན་རྒྱས་བཤད་གཏིང་ཟབ་བྱས་ནས། ང་ཚོས་ཅི་ཞིག་ནི་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཡིན་པ་དང་། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་དོན་གང་ཡིན་པ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པ་བཅས་ལ་ངོས་འཛིན་ཟབ་མོ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དུས་རབས་གསར་བའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཐོན་སྐྱེད་ནུས་ཤུགས་གསར་བའི་སྙིང་དོན་ལ་རྒྱུས་ལོན་གཏིང་ཟབ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ལག་བསྟར་བྱེད་ཐབས་འཚོལ་ཞིབ་གང་ལེགས་བྱ་དགོས།

ལུའོ་ཀྲེན་ཧྭ་ཡིས་ནན་གྱིས་བསྟན་དོན། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱིས་གསར་གཏོད་གཙོ་ཁྲིད་ཀྱི་ནུས་བ་ཐོན་པ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་འཕར་སྣོན་བྱེད་ཐབས་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཐབས་ལམ་ལ་འགྱུར་བ་བཏང་ཡོད་ལ། དེ་ལ་ཚན་རྩལ་གྱི་ཆུ་ཚད་མཐོན་པོ་དང་ཕན་འབྲས་ཆེན་པོ། སྤུས་ཚད་མཐོན་པོ་བཅས་ཀྱི་ཁྱད་ཆོས་ལྡན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་འཚམ་པའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རྣམ་པ་ཞིག་ཡིན། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་གཞུང་ལུགས་འཕེལ་རྒྱས་གཏོང་བ་དང་གསར་གཏོད་བྱེད་པ་ཡིན་ལ། རང་རྒྱལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གསར་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་བ་ཞིག་ཡིན་པས། དུས་རབས་གསར་བའི་ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆེན་པོ་མཚོན་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤར་ལ་སྐུལ་མ་གཏོང་བ་དང་། འགྲན་རྩོད་ཀྱི་ལེགས་ཆ་གསར་བ་བསྐྲུན་ཏེ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཐོབ་པར་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ཤིག་ཡིན་ཞིང་། ང་ཚོས་འཕེལ་རྒྱས་ཀྱི་ལེགས་ཆ་དམ་འཛིན་དང་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གསོག་འཇོག་བཅས་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡང་ཡིན། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་བརྟེན་ནས་དངོས་པོའི་ཐོན་སྐྱེད་ཆུ་ཚད་ཇེ་བཟང་དུ་གཏོང་ཐུབ་པར་མ་ཟད། མི་དམངས་མང་ཚོགས་ལ་སྤུས་ཚད་མཐོན་པོའི་འཚོ་བའི་ཞབས་འདེགས་ཞུ་ཐུབ་པ་དང་། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བདེ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་ལ། འགྲན་རྩོད་ཀྱི་ནུས་བ་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ཕན་ཆེན་པོ་ཐོགས་བཞིན་ཡོད།

ལུའོ་ཀྲེན་ཧྭ་ཡིས་བླང་བྱ་བཏོན་དོན། དོན་དངོས་གཞིར་བཟུང་ནས་མགོ་བརྩམས་ཏེ་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་རྔ་བའི་ལམ་བུ་འཚོལ་ཞིབ་ནན་མོ་བྱས་ནས། སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཁྲོད་གོ་སྐབས་དམ་འཛིན་བྱེད་པ་དང་། ཐོན་ལས་ཀྱི་རྨང་གཞི་དང་ཚན་ཞིབ་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ། སྔོན་ལ་བསྐྲུན་པ་དང་རྗེས་སུ་ལེགས་བསྒྱུར་གཏོང་བ་དང་གང་ལ་གང་འཚམ་གྱིས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་རམ་འདེགས་གང་ལེགས་བྱ་དགོས། ཚན་རྩལ་གསར་གཏོད་ཀྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་ལེགས་བསྒྱུར་གཏོང་བར་དུས་མཉམ་དུ་ནུས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། ལག་རྩལ་འགག་སྒྲོལ་ནི་གནད་འགག་གི་སྣེ་ཁྲིད་དུ་བརྩིས་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་དང་ཐོན་ཁུངས་ལ་འབྲེལ་བ་བྱས་ཏེ། ཚན་ཞིབ་ལས་ཁུངས་དང་མཐོ་སློབ། ཁེ་ལས་སོགས་དང་མཉམ་འབྲེལ་གང་ལེགས་བྱ་དགོས་ཤིང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་ཚན་ཞིབ་རྟེན་གཞི། མཐོ་རིམ་ཞིབ་འཇུག་མི་སྣ་དང་ཆེད་མཁས་པའི་ལས་ཀའི་ས་ཚིགས་སོགས་འཛུགས་གང་ཐུབ་བྱས་ནས། ལག་རྩལ་གསར་བའི་ཁེ་ལས་འཕེལ་རྒྱས་བཏང་སྟེ་འགྲན་རྩོད་ཀྱི་ལེགས་ཆ་གསར་བ་ཆེ་རུ་གཏོང་དགོས། ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། སྔོན་ལ་བསྐྲུན་པ་དང་རྗེས་སུ་ལེགས་བསྒྱུར་གཏོང་བ། གང་ལ་གང་འཚམ། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། རྔ་བའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་དགེ་མཚན་གཙོ་བོར་བཟུང་སྟེ། ལག་རྩལ་གསར་བར་བརྟེན་ནས་སྲོལ་རྒྱུན་གྱི་ཐོན་ལས་ལེགས་བསྒྱུར་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྐུལ་མ་གཏོང་བ་གཙོ་བོར་འཛིན་དགོས། འབག་མེད་འཕེལ་རྒྱས་རྒྱུན་འཁྱོངས་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་གསུམ་དང་ས་ཞིང་། མཚོ་དང་མཚེའུ། རྩྭ་ས། བྱེ་ས་བཅས་ལ་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ནས། ཐཱན་གཉིས་ཀྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ཏེ། སྐྱེ་ཁམས་རིན་ཐང་ལེགས་སྒྱུར་གྱི་ལམ་བུ་འཚོལ་ཞིབ་ནན་མོ་བྱ་དགོས། དཔལ་འབྱོར་གྱི་སྒྲིག་སྲོལ་དང་ཚན་རྩལ་གྱི་སྒྲིག་སྲོལ། ནོར་ཁྲལ་དངུལ་རྩ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སོགས་ལ་བསྒྱུར་བཅོས་ནན་མོ་བྱས་ཏེ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པ་དང་། སྔོན་ཐོན་གྱི་ཐོན་སྐྱེད་རྒྱུ་རྐྱེན་ཁག་བདེ་བླག་ངང་འཁོར་རྒྱུག་ཡོང་བར་སྐུལ་མ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་གཙོ་བོར་བཟུང་ནས། ཡུལ་གྲོང་ཟུང་འབྲེལ་འཕེལ་རྒྱས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་མ་མགྱོགས་པོ་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མངོན་འགྱུར་འབྱུང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་སེལ་བ་དང་བཅོས་སྐྱོང་ལ་དམ་འཛིན་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་ནས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱས་ཏེ། དེང་རབས་ཅན་གྱི་རྔ་ཁུལ་གསར་བ་འཛུགས་སྐྱོང་བྱེད་པར་བྱས་རྗེས་སྔར་བས་ཆེན་པོ་འཇོག་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1