༄༅།།མེ་ཏོག་རྫོང་གི་ཡུལ་སྐོར་མཛེས་ལྗོངས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ་ལས་དྲངས། སྤེལ་དུས། 04-11


ང་རང་གཅིག་པུ་ཡིན་ན། །

པདྨ་བཀོད་ལ་ཕྱིན་ཆོག །

ཕ་མ་རྒན་རྒོན་བཞག་ནས། །

པདྨ་བཀོད་ཀྱིས་གང་ཡོང་། །

       ཞེས་པ་དེ་ཁྱེད་ཀྱིས་གསན་མྱོང་ཡོད་ཤས་རེད། དེའི་ནང་གི་པདྨ་བཀོད་ཅེས་པ་དེ་ཉིང་ཁྲིའི་མེ་ཏོག་རྫོང་ཞེས་པ་དེ་ཡིན། འོ་ན་གནས་དེར་པདྨ་བཀོད་ཟེར་དོན་ཅི་ཡིན་པ་དང་། ཡུལ་དེ་དང་འབྲེལ་བའི་ཤོད་སྲོལ་ཅི་འདྲ་ཡོད་པ། དེར་ལོ་རྒྱུས་ཀྱི་བྱུང་བ་ཇི་འདྲ་ཡོད་པ། ཡང་ཕྱིས་སུ་མེ་ཏོག་ཅེས་པའི་མིང་ལ་ཇི་ལྟར་འགྱུར་བ་ཡིན་ཞེ་ན། དེ་ཡང་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་འདྲེན་ཞུས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ནམ་མཁའི་སྤྲིན་ལ་ཆིབས་ནས་བོད་ཀྱི་ཡུལ་གྲུ་དུ་མར་སངས་རྒྱས་བསྟན་པ་སྤེལ་བར་ཕེབས་དུས། པདྨ་བཀོད་དམ་ད་ལྟའི་མེ་ཏོག་གི་མཁའ་དབྱིངས་སུ་འབྱོན་པའི་ཚེ། ས་ཆ་དེ་ནི་ཕྱོགས་བཞི་སྔོ་ལྗང་གི་རི་བོས་བསྐོར་བ་པདྨའི་འདབ་མ་འདྲ་ལེ། གྲོག་རོང་ཆེན་པོ་གཞུང་དུ་ཆགས་པ་པདྨའི་གཞུང་རྟ་འདྲ་ལེ། ཡུལ་གྱི་བཀོད་པ་ངོ་མཚར་ཆེ་བ་པདྨ་འདབ་བརྒྱད་ཁ་འབུས་པ་དང་ཨ་མ་ན་མར་གཟིགས་པས། གནས་དེ་ནི་ནང་པའི་གསང་བའི་སྒྲུབ་གནས་རྩ་ཆེན་ཞིག་ཆགས་རྒྱུའི་ལུང་བསྟན་གནང་ལ། དེར་སྒྲུབ་པ་ཡུན་རིང་གནང་ནས་བཞུགས་པ་དང་། ཡུལ་མིང་ལ་པད་མ་བཀོད་ཅེས་གྲགས།

མེ་ཏོག་རྫོང་གྲོང་། ཆོས་ཉིད་རྡོ་རྗེས་པར་བླངས།

 གནས་དེ་ནི་སྦས་ཡུལ་འབྲས་མོ་ལྗོངས་དང་། སྦས་ཡུལ་འཁན་པ་ལྗོངས། སྦས་ཡུལ་ལུང་གསུམ་ལྗོངས། སྦས་ཡུལ་པདྨ་བཀོད་བཅས་སྦས་ཡུལ་བཞི་ཡི་ཡ་གྱལ་དང་། སློབ་དཔོན་པད་མ་འབྱུང་གནས་ཀྱི་སྦས་གནས་ཁག་བཅུ་དྲུག་ཡོད་པའི་ནང་གི་སྦས་གནས་ཆེ་ཤོས་དེ་ཡིན་ཞིང་། མིང་གཞན་ལ་སྦས་ཡུལ་སྐྱིད་མོ་ལྗོངས་ཀྱང་ཟེར། གཞན་ཡང་པད་མ་བཀོད་ནི་དུས་གསུམ་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་ཤིང་། དཔའ་བོ་མཁའ་འགྲོ་རང་བཞིན་དུ་འདུ་བའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། དེའི་ཁོངས་སུ་གནས་རི་གནས་བཟང་དང་། བླ་མཚོ་སྒྲུབ་ཁང་སོགས་ཧ་ཅང་མང་པོ་ཡོད་པ་དཔེར་ན། ཀུན་འདུས་རྡོར་སེམས་ཕོ་བྲང་དང་། བྷུདྷ་ཚེ་ཕུག ཟངས་མདོག་དཔལ་རི། པད་མ་ཤྲཱི། རྣམ་རིག་ཀུན་འདུས་གླིང་། ནོར་བདག་རྣམ་སྲས་གླིང་། མཁའ་འགྲོ་གླིང་། ལུང་བསྟན་རྩི་མྱག་གླིང་། དྲག་པོ་བཀའ་བརྒྱད་གླིང་། ཕག་མོ་འགྲོ་འདུལ་གླིང་སོགས་ཡོད་ཅིང་། ཀུན་འདུས་རྡོར་སེམས་ཕོ་བྲང་གི་གནས་ཡིག་མཐོང་བ་ཀུན་གྲོལ་ནང་། “གནས་དེ་དག་མཇལ་བ་ཙམ་གྱིས་ནད་གདོན་སྡིག་གྲིབ་དག ཐོས་པ་ཙམ་གྱིས་ངན་སོང་གནས་ལས་ཐར། ངན་འགྲོར་མི་གཏོང་པད་འབྱུང་དབུ་མནའ་བཞེས”ཞེས་འཁོད། གནས་པདྨ་བཀོད་དེ་ནི་སྲིན་མོ་གན་རྐྱལ་དུ་ཉལ་བའི་སྟེང་ན་ཆགས་པ་ཡིན་ཞིང་། རང་ལུས་འཁོར་ལོ་ལྔ་རེར་དགོན་དང་གནས་ཆེན་རེ་ཡོད་དེ། སྤྱི་བོ་བདེ་ཆེན་འཁོར་ལོ་ན་རྡོ་རྗེ་གཡུ་རྫོང་དང་། མགྲིན་པ་ལོངས་སྤྱོད་འཁོར་ལོ་ན་དགའ་ལྡན་པདྨ་འོད་གླིང་དགོན། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རྩ་མཆོག་གསང་སྔགས་ཆོས་གླིང་། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་བདེ་བ་རིན་ཆེན་སྤུངས། གསང་བ་བདེ་སྐྱོང་འཁོར་ལོ་ན་འཆི་མེད་ཡང་གསང་ཀྭ་ལྭ་ཡང་རྫོང་གནས་བཅས་ཡོད་ཅིང་། ཡུལ་དེའི་རི་ཀླུང་གང་སར་རྩྭ་དང་རྩི་ཤིང་གིས་ཁེངས་པ་དེ་ནི་རྡོ་རྗེ་ཕག་མོའི་དབུ་སྐྲ་ལས་བྱུང་བ་དང་། ལྷུང་ལྷུང་ཆད་མེད་བཞུར་བའི་བདུད་རྩིའི་ཆུ་རྒྱུན་ནི། རྡོ་རྗེ་ཕག་མོའི་ཁྲག་རྩ་ཡིན་པའི་ཤོད་རྒྱུན་ཡོད།

གངས་རིའི་ཁྲོད་ཀྱི་མུ་ཏིག ཉིང་ཁྲིའི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།

ལུང་པའི་ཆགས་སྟངས་དང་ཡུལ་མིའི་ཐད། མེ་ཏོག་རྫོང་དེ་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོ་དང་། ཉིང་ཁྲིའི་ལྷོ་རྒྱུད་དུ་ཆགས་ཤིང་། ཤར་བསྟན་པ་ཆུ་བོ་འབབ་ཡུལ་དེ་རྫ་ཡུལ་དང་འབྲེལ་བ། ལྷོ་སྦ་ཤི་ཁ་ཞེས་པ་རྒྱ་གར་ཡུལ་དང་འབྲེལ་བ། ལྷོ་ནུབ་པན་ཤི་ལི་ཆུ་བོ་འབབ་ཡུལ་དེ་ལྷོ་ཁའི་མཚོ་སྣ་དང་ལྷུན་རྩེ་གཉིས་དང་འབྲེལ་བ། ནུབ་བྱང་རི་བོ་གནམ་ལྕགས་འབར་བ་དང་རྡོ་གཞོང་ལ། གཏམ་སྙན་ལ་སོགས་ཀྱིས་གཙོ་བྱས་པའི་ཧི་མ་ལ་ཡའི་རི་རྒྱུད་ཡིན་ཞིང་སྨན་གླིང་དང་འབྲེལ་བ། བྱང་གངས་རི་དཀར་པོ་དང་དགའ་ལུང་ལ་ཡིས་གཙོས་པའི་སྤོ་བོ་དང་ས་འབྲེལ་ཡིན། ཡུལ་འདིར་ལྷོ་པ་དང་མོན་པས་གཙོ་བྱས་ཤིང་མི་རིགས་གཞན་ཡང་ཅུང་ཟད་ཡོད། དང་ཐོག་ཡུལ་འདིར་ཆགས་པའི་མི་རྒྱུད་དེ་ལྷོ་པ་ཡིན་པས་ཡུལ་གྱི་མིང་ལའང་ལྷོ་ཡུལ་ཟེར་སྲོལ་ཡོད་ཅིང་། ལྷོ་པ་རྣམས་གཙོ་བོ་སྟག་མོ་དང་བྱ་ར་ས་ཤང་གཉིས་སུ་ཆགས་ཡོད། དུས་རབས་བཅུ་བདུན་པའི་ནང་མོན་ཡུལ་དང་འབྲུག་ཡུལ་ནས་མོན་པ་མང་པོ་སྔ་ཕྱིར་པད་མ་བཀོད་དུ་སྤོས་ཡོང་བ་དང་། རིམ་བཞིན་མི་གྲངས་ཀྱང་ལྷོ་པ་ལས་ལྡབ་གྱུར་གྱིས་མང་བར་གྱུར་ལ། ཁོ་ཚོ་འབྲས་སྤུངས་དང་བདེ་ཞིང་། མེ་ཏོག སྤང་ཞིང་བཅས་ཤང་བཞི་རུ་གཞིས་ཆགས་ཡོད། དམངས་ཁྲོད་དུ་གནས་པདྨ་བཀོད་ན་གྲོ་ནས་སྲན་སོགས་འབྲུ་རིགས་རི་བོའི་གཏོས་ལྟར་སྤུངས་པ་དང་། ཤ་མར་འོ་མ་ལ་སོགས་གང་དགོས་འཛད་པ་མེད་པ། ཤིང་ཏོག་ཤ་མོའི་རིགས་དང་། གླ་རྩི་གངས་ལྷ་སོགས་སྨན་གྱི་རིགས་གང་འདོད་སྒྲུབ་ཆོག་ལ། གནས་འདི་ནི་བདེ་བ་ཅན་གྱི་ཞིང་ཁམས་ལ་བགྲོད་པའི་ལམ་ཡིན་པར་བཤད་པས་ཁམས་ཁུལ་གཙོས་པའི་བོད་ཀྱི་ས་ཕྱོགས་ཁག་ནས། བོད་རིགས་མང་པོ་བུང་བ་མེ་ཏོག་ལ་འཁོར་བ་ལྟར་གནས་དེར་སྤོས་ཤིང་། གཙོ་བོ་དགུ་ཐང་དང་དགའ་ལྡན་ཤང་གཉིས་སུ་ཆགས། ཀྲུང་གོ་མི་དམངས་བཅིངས་བཀྲོལ་དམག་བོད་དུ་སླེབས་པ་དང་། རྒྱ་རིགས་ཀྱིས་གཙོས་པའི་མི་རིགས་གཞན་དག་འགའ་རེ་ཡང་མེ་ཏོག་ཏུ་གཞིས་བཀྱག་ནས་རྫོང་སྲིད་གཞུང་ཡོད་སར་ཆགས་ཡོད།

རིན་ཆེན་སྤུངས། ཕུར་བུ་རྡོ་རྗེས་པར་མཁོ་འདོན་གནང་།

   མེ་ཏོག་རྫོང་གི་ལོ་རྒྱུས་འཕེལ་འགྱུར་བརྗོད་ན། 1973ལོ་དང1976ལོར་སྟག་མོ་ལྷོ་པ་མི་རིགས་ཤང་དང་། མེ་ཏོག་གྲོང་བརྡལ། འབྲས་སྤུངས་ཤང་སོགས་ཀྱི་ས་ཆ་ཁག་བཅུ་ཙམ་ནས་གནའ་བོའི་རྡོ་བཟོས་ལག་ཆ་དང་རྫ་གཡམ་ཆག་རོ་རྙེད་པ་དང་། གནའ་རྫས་རྟོག་ཞིབ་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། ལོ་ངོ་4000ཡས་མས་གོང་ནས་གནས་འདིར་མིའི་རིགས་འཚོ་སྡོད་སྐྱེ་འཕེལ་བྱེད་བཞིན་ཡོད་པ་རྟོགས་ཤིང་། ཁོ་ཚོ་ནི་མེ་ཏོག་གི་མེས་པོ་ཡིན་པར་ངོས་འཛིན་བྱས་ན་ཆོག་པར་སྙམ། དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོས་བོད་ཁམས་དབང་དུ་སྒྱུར་ནས། ཁྲིམས་ལུགས་གཏན་འབེབས་དང་སྲིད་འཛིན་ས་ཁོངས་དབྱེ་དུས་སུ། ཉིང་ཁྲིའི་ཁུལ་གྱི་ས་ཆ་མང་ཆེ་བ་གཡོ་རུའི་ཁོངས་གཏོགས་ཡིན། ཕྱིས་སུ་སྤུ་རྒྱལ་གདུང་རྒྱུད་ལས་མཆེད་པའི་ཀོང་དཀར་པོ་རྗེའི་སྲིད་དབང་རང་བཙན་གྱི་ས་ཆས་ཀོང་པོ་ཁུལ་དུ་དབང་སྒྱུར་བ་མ་ཟད། སྐབས་ཤིག་རིང་དབང་སྒྱུར་ས་ཁོངས་ནང་མེ་ཏོག་ཁུལ་ཡང་ཚུད་ཡོད།

སྒོར་སྒོར་ཐང་། ཉིང་ཁྲིའི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།

དུས་རབས་དགུ་པའི་ནང་། དྭགས་ཀོང་གི་ས་ཆར་འབངས་གྱེན་ལོག་ལངས་ནས། འབེ་བཟའ་འོ་མོ་སྐྱིད་ཀྱིས་ཀོང་དཀར་པོའི་སྲིད་དབང་རྩ་མེད་བཏང་ལ། མི་རིང་བར་གླང་དར་གྱི་སྐབས་ལ་བཙན་པོའི་རྒྱལ་རབས་ཀྱང་རྨང་ནས་འཇིག་སྟེ། བོད་ཡུལ་ས་ཆ་ཁག་ཏུ་ཡུལ་ཚན་རེ་ལ་རྗེ་བོ་རེ་བྱས་ནས་སིལ་བུར་འཐོར། དེ་དུས་མེ་ཏོག་ཏུ་ལོ་རྒྱུས་གནས་བབ་ཇི་འདྲ་ཡིན་མིན་གསལ་ཁ་བཏོད་ཐུབ་པའི་ཡིག་ཆ་མེད་རུང་། ཕྱིས་སུ་ལྷོ་ཡུལ་དུ་ཚོ་པ་ཆེ་ཆུང་མི་འདྲ་བ་བཅུ་ཙམ་གནས་པར་བརྟགས་ན། ཡུལ་དེར་ཡང་ཚོ་དཔོན་གྱིས་ཚོ་པ་སོ་སོར་དབང་སྒྱུར་བའི་ཁ་འཐོར་གྱི་རྣམ་པ་ཞིག་ཡིན་པ་རིགས་འདེད་བྱེད་ཐུབ། དེའི་རྗེས་ཀྱི་དུས་རབས་བཅུ་གསུམ་ནས་བཅུ་བདུན་བར། བོད་ཀྱི་སྲིད་དབང་ཐད་ལ་འཕོ་འགྱུར་མང་ཙམ་བྱུང་ཡོད་པ་ནི། ས་སྐྱའི་སྲིད་དབང་དང་། ཕག་གྲུའི་སྲིད་དབང་། གཙང་པ་སྡེ་སྲིད་བཅས་རིམ་གྱིས་བྱུང་བ་དང་། དེའི་རིང་བླ་མ་འགའ་རེ་པད་མ་བཀོད་དུ་ཞབས་ཀྱིས་བཅགས་ནས་འགྲོ་དོན་བསྐྱངས་ཚུལ་ཙམ་ལས། ཁུལ་དེར་སྲིད་འཛིན་གྱི་སྒྲིག་གཞི་བཙུགས་པའི་སྐོར་དང་། དཔོན་སྣ་མངག་པ་དང་བསྐོ་བཞག་བྱས་པའི་སྐོར། ཆབ་སྲིད་དོན་རྐྱེན་ལངས་པའི་སྐོར་སོགས་གང་ཡང་མེད།

རྡོ་གཞོང་ལ། ཉིང་ཁྲི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།

 དེ་སྔོན་མེ་ཏོག་རྫོང་གི་ས་ཁོངས་ནི་ལྷོ་པ་རིགས་ཀྱི་སྡོད་གནས་ཡིན་ཞིང་། 1680ལོར་ངག་ཚང་དང་ཕིག་ཚང་སོགས་མོན་པ་ཁག་གཅིག་ས་ཆ་དེར་གནས་སྤོས་པར། ཡུལ་དེ་གའི་ལྷོ་པ་རྣམས་ཀྱིས་མཛའ་མཐུན་གྱི་སྒོ་ནས་སྣེ་ལེན་གཟབ་རྒྱས་བྱས། འོན་ཀྱང་ཕྱིས་སུ་མོན་པ་མང་དུ་ཕྱིན་ནས། ས་ཆའི་བདག་དབང་དང་རི་དྭགས་རྔོན་ཕྱོགས་སོགས་གང་སྤྱིའི་ཐད་ཕན་ཚུན་དབར་འགལ་ཟླ་མང་པོ་ཐོན་པས། 1792ལོར་ལྷོ་པ་དང་མོན་པའི་དབར་འཐབ་རྩོད་ཆེན་པོ་ཞིག་བྱུང་བ་དང་། དེ་དུས་སྤོ་བོའི་ཡུལ་གྱི་བདག་པོ་སྤོ་བོ་ཀཿ གནམ་སྡེ་པས་འདུམ་བཏང་ནས། མོན་པ་དང་ལྷོ་པ་གཉིས་ཕན་ཚུན་གྲོས་མོལ་བྱས་རྗེས་འཁོན་མེད་ཉི་མ་སྤྲིན་བྲལ་དུ་གནས་སོ། །

སྐར་མའི་ཚོགས་ཀྱིས་བརྒྱན་པའི་རྡོ་གཞོང་ལ་ཁ། ཉིང་ཁྲི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།

                                                    1881ལོར་སྤོ་བོ་ཀཿ གནམ་སྡེ་པས་མེ་ཏོག་སྡིག་གདོང་དུ་རྫོང་ཞིག་བཙུགས་པ་དང་། དེའི་མངའ་ཞབས་སུ་ཏམ་བུ་ཚོ་དང་ཧོ་ར་ཚོ། སྦི་སྤུངས་ཚོ(འབྲས་སྤུངས་ཚོ)ས་དཀར་ཚོ། ལྟ་ངམ་ཚོ་བཅས་མོན་ཚོ་ཁག་ལྔ་བཙུགས་མོད། སྡིག་གདོང་དུ་ཆུ་དཀོན་པས་རྫོང་གཞིས་མེ་ཏོག་ཏུ་སྤོས་ཤིང་། རྫོང་གི་མིང་ཡང་མེ་ཏོག་ཏུ་བཏགས་སོ། །

ཉམས་དགའ་བའི་སྣོད་ཀྱི་འཇིག་རྟེན། ཉིང་ཁྲི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།

རྦབ་ཆུ། ཉིང་ཁྲི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།

   1951ལོར། ཀྲུང་གོ་མི་དམངས་བཅིངས་བཀྲོལ་དམག་དམག་སྡེ18པ་བོད་དུ་འབྱོར་བ་དང་། སྤོ་ཡུལ་ལྷོ་ཡུལ་ཀོང་ཡུལ་གསུམ་སྤོ་མེས་ཡན་ལག་ལས་དོན་ཨུ་ལྷན་གྱིས་བདག་སྡོམ་བྱས།1959ལོའི་ཟླ8པར་ད་ལྟའི་སྨན་གླིང་རྫོང་ཕད་ཆུད་དུ་མེ་ཏོག་རྫོང་སྲིད་གཞུང་དངོས་སུ་བཙུགས།1962ལོར་བཅིངས་འགྲོལ་དམག་མེ་ཏོག་ཏུ་དཔུང་སྐྱོད་བྱས།1964ལོར་མེ་ཏོག་རྫོང་དེ་ལྷ་སའི་ཁོངས་སུ་བཅུག1986ལོའི་ཟླ2ཚེས1ནས་བཟུང་མེ་ཏོག་རྫོང་དེ་ལྷ་ས་ནས་ཉིང་ཁྲིའི་མངའ་ཁོངས་སུ་སྒྱུར།

རྦ་ཟམ། ཉིང་ཁྲི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།

  པདྨ་བཀོད་དམ་མེ་ཏོག་རྫོང་དུ་སྲོག་ཆགས་དང་རྩི་ཤིང་གི་རིགས་ཧ་ཅང་མང་བ་དང་། རྫོང་ཡོངས་ཀྱི་སའི་བརྒྱ་ཆ་བརྒྱད་ཅུ་ནགས་ཀྱིས་ཁེབས་ཤིང་། སྐྱེས་དངོས་རིགས་མི་འདྲ་བ་སུམ་སྟོང་ལྷག་ཡོད་ལ། འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་འཁོད་པའི་ཤིང་སྡོང་མཐོ་ཤོས་དེ་ཡང་མེ་ཏོག་ཏུ་ཡོད། རྒྱལ་ཁབ་ཀྱི་སྲུང་སྐྱོབ་གྲས་སུ་ཚུད་པའི་སྐྱེས་དངོས་སྣ་བརྒྱད་ཅུ་དང་སྲུང་སྐྱོབ་རི་དྭགས་ཀྱི་རིགས་ཞེ་གཉིས་ཙམ་ཡོད་ལ། ཆུ་འབྲས་དང་མ་རྨོས་ལོ་ཏོག གྲོ་ནས་དང་། ཇ་རིགས་མང་པོ་དང་། བོད་ཡུལ་གྱི་ས་ཆ་གཞན་དང་མི་འདྲ་བར་དབྱར་ཁའི་དུས་ཚིགས་ཧ་ཅང་རིང་ཞིང་མཛེས་སྡུག་ལྡན་ལ། དཔྱིད་ཀའི་དུས་སུ་མེ་ཏོག་གླིང་དུ་སླེབས་པ་ལྟར་ལྟ་བས་ཆོག་མི་ཤེས་པ་ཞིག་མཆིས། 2013ལོར་མེ་ཏོག་རྫོང་གི་ལམ་ཐིག་ཧྲིལ་བོར་དངོས་སུ་གཞུང་ལམ་བཟོས་ནས་ཡུལ་སྐོར་ལྗོངས་རྒྱུ་བ་སྔར་ལས་བར་མ་ཆད་ལ། ཀྲུང་གོ་ཡོངས་སུ་རྫོང་གྲོང་ལ་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱང་མཇུག་བསྡུས།

རྡོ་ཁོག ཉིང་ཁྲི་ཡུལ་སྐོར་འཕྲིན་ཕྲན་སྤྱི་སྟེགས་ནས་བཏུས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1