ཁྲེང་ཏུའུ་རུ་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་བྱ་འགུལ་འདི་སྤེལ།

གསར་འགོད་པ། འཇིགས་མེད་དང་དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 05-06


སྤྱི་ཟླ་4པའི་ཚེས་30ཉིན། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་བསྟུན་ནས། ཁམས་པའི་བརྙན་འཕྲིན་ཁང་དང་། པདྨ་གསེར་བྲིས་གླིང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་པདྨ་གསེར་སྨྱུག་རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོའི་གཟེངས་བསྟོད་མཛད་སྒོ་ཁྲེང་ཏུའུ་ནས་སྤེལ།

ཉིན་བཅུ་གྲངས་ལྷག་གི་རིང་ལ། འགྲན་ཞུགས་བླང་བྱ་དང་མཐུན་པའི་བརྩམས་ཆོས་1672ལ་པདྨ་གསེར་བྲིས་གླིང་གི་བོད་ཀྱི་ཡིག་གཟུགས་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་མི་གཙོ་བྱས་པའི་བོད་ཀྱི་ཡིག་གཟུགས་ཆེད་མཁས་དག་གིས་འདྲ་མཉམ་དང་ཡོངས་བསྒྲགས། དྲང་གཞག་བཅས་ཀྱི་སྒོ་ནས་ཞིབ་དཔྱད་ནན་མོ་བྱས་ཏེ།མཇུག་མཐར་ཡིག་མཁན་དོན་འགྲུབ་ནོར་བུ་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་།  བྱ་དགའ་ཨང་གཉིས་པ་གཉིས་དང་། ཨང་གསུམ་པ་བཞི། ཕུལ་ཕྱུང་བྱ་དགའ་བཞི་བཅུ་བཅས་བདམས་ཡོད། ད་དུང་རྫོགས་རིམ་གསུམ་པའི་ཡིག་མཁན་དང་རྫོགས་རིམ་ཡིག་མཁན། སློབ་གསོའི་བྱ་དགའ། སློབ་གསོ་སྡེ་ཁག་གི་བྱ་དགའ། ཀ་རིམ་ཡིག་མཁན་ལ་ཆེད་དུ་བྱ་དགའ་གནང་།

ཐེངས་འདིའི་བྱེད་སྒོའི་ཁྲོད། མདོ་དབུས་ཁམས་གསུམ་གྱི་མིང་ཏུ་གྲགས་པའི་དགུང་ལོ་༨༦ཡིན་པའི་བོད་ཀྱི་ཡིག་མཁན་གྲགས་ཅན་ཅོག་དྲ་ངག་དབང་བསྟན་འཛིན་སོགས་བྲིས་པ་གྲགས་ཅན་དང་མཁས་དབང་མང་པོ་གདན་དྲངས་ནས་བོད་ཀྱི་ཡིག་གཟུགས་སྐོར་ནས་གཏམ་གླེང་དང་། ཡུལ་དངོས་ནས་ཡིག་གཟུགས་སྒྱུ་རྩལ་གྱི་གཟི་ཉམས་ངོམ་ཡོད། ཉིན་དེར་ཁམས་པའི་བརྙན་འཕྲིན་ཁང་གིས་ཐད་གཏོང་བྱས་པས་རྒྱལ་ཕྱི་ནང་གི་ལྟ་མཁན་ཁྲི་བཞི་བཅུ་ཙམ་ལ་སླེབས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1