མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་གཡོས་སྦྱོར་ཆེད་ལས་ཀྱི་དགེ་རྒན་དཔའ་བོ་འབུམ་གྱིས་བོད་ཟས་ཀྱི་སྐོར་ནས་འབོད་སྐུལ་གྱི་ཚིག་འགའ་བྲི་དགོས་པའི་རེ་བ་བཏོན་པ་ལ། ང་རང་ཉིད་ལ་མཚོན་ན་མི་ཚེ་གང་བོར་བོད་ཟས་ཟོས་ནས་མི་ལོ་དྲུག་ཅུར་ཉེ་བའི་རྒད་པོ་ཞིག་ཡིན་མོད། འོན་ཀྱང་བོད་ཟས་ཀྱི་རིག་གནས་དང་བོད་ཟས་ཀྱི་འདས་མ་འོངས་ད་ལྟའི་སྐོར་ལ་ཞིབ་བུར་སྔོན་ཆད་བསམ་བློ་བཏང་མྱོང་མེད་ལ། ད་ལྟ་ཡིན་ནའང་ཡིད་ལ་འདི་ཟེར་རྒྱུ་ཞིག་དྲན་མི་ཡོང་མོད། སྤྱིར་བཏང་ཁ་ཟས་ཀྱི་རིགས་འདི་ལ་འཛམ་བུ་གླིང་ནས་ཡུལ་ལུང་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་ཀྱི་རེད་བསམ། དེ་མིན་ཡུལ་ལུང་སོ་སོར་ས་གནས་དང་གནམ་གཤིས། མཁའ་དབུགས། ཁོར་ཡུག གོམས་སྲོལ། དད་མོས་སོགས་འཚོ་བའི་སྣེ་མང་པོར་འབྲེལ་བ་ཡོད་སྲིད་ལ། ལྷག་པར་དུ་མིའི་ལུས་པོའི་འབྱུང་ཁམས་ཀྱི་གྲུབ་ཚུལ་དང་ཕོ་བའི་མེ་དྲོད་རྣམ་གསུམ་གྱི་འཇུ་སྟོབས། གང་ཟག་རང་རང་གི་ཁམས་དང་མོས་པ་སོགས་ཀྱི་དགོས་མཁོའི་དབང་གིས་ཡིན་ནའང་ཟས་རིགས་ཀྱི་ནུས་པ་ཡང་རྩུབ། རོ་མངར་སྐྱུར་ཚ་བ་སོགས་གང་ལ་གོམས་ཡོད་ན་དེ་ལ་དགའ་མོས་ཡོད་པ་དང་། དགའ་བ་དང་མོས་བ་དེས་ཆགས་པ་དང་ཞེན་པ་སློང་གི་ཡོད་པས། དུས་རྒྱུན་ང་ཚོས་བྱིས་པ་ཡིན་དུས་ཀྱི་ཟས་རིགས་དེ་དག་ཡང་ཡང་དྲན་ཡོང་བའང་ཞེན་པས་དབང་གིས་ཡིན་རྒྱུ་རེད། སྤྱིའི་ཆ་ནས་བོད་ཟས་ལྟ་བུར་མཚོན་ན་མཚོ་བོད་མཐོ་སྒང་གི་གནམ་གཤིས་དང་མཁའ་དབུགས་ལ་ཐད་ཀར་འབྲེལ་བ་ཡོད་པའི་ནོར་ཤ་དང་ལུག་ཤ་དེ་བོད་མི་དམངས་ཀྱི་གཙོ་ཟས་སུ་གྱུར་ཡོད་ལ། རོ་ནུས་ཀྱི་ངོས་ནས་བཤད་ན་སྣུམ་པ་ལྕི་བ། ཚ་རྣོ་མངར་བ་སོགས་ཕྱི་མཐོ་སྒང་གི་གྲང་ངར་དང་ཉི་མའི་ཚ་གདུག་གི་འབྱུང་བའི་ཁོར་ཡུག་ལ་འཚམ་ཞིང་འཕྲོད་པའི་ཟས་ཀྱི་མཆོག་ཏུ་གྱུར་ཡོད་པ་མ་ཟད། བོད་མིའི་རྩ་ལམ་དང་ཁྲག་ལམ་ལ་འཕྲོད་ཅིང་ཟུངས་སྟོབས་བསྐྱེད་པའི་བདུད་རྩི་ལྟ་བུ་ཡིན། དེ་བས་ཁ་ཟས་འདི་དག་ཀྱང་མི་སྒེར་བ་རང་ཉིད་ནས་གདམ་གསེས་ཀྱིས་གྲུབ་ཡོང་བ་ཤ་སྟག་མ་ཡིན་པར་ཁོར་ཡུག་གིས་རང་བཞིན་ངང་ཆགས་ཡོང་བའི་ཟས་རིགས་ཀྱི་རིག་གནས་ཤིག་ཡིན། ཕ་མེས་ཡང་མེས་ནས་བརྒྱུད་དེ་ད་ལྟའི་བར་དུ་ནོར་ལུག་གི་ཤ་དང་སྦྲང་དཀར་རྩམ་པ་ལ་རོལ་བའི་འཚོ་བའི་གོམས་གཤིས་འདིས། ང་ཚོ་མཚོ་བོད་མཐོ་སྒང་གི་ཡུལ་ཁམས་འདིར་ཉ་མོ་མཚོ་ལ་ཆགས་པ་ཇི་བཞིན་གནས་ཐུབ་པ་བྱུང་བ་ཡིན།
བོད་མིའི་འཚོ་བ་དང་རིག་གནས་ལ་ཆ་རྒྱུས་དེ་ཙམ་མེད་པའི་མི་རིགས་གཞན་གྱི་རྣ་ལམ་དུ་བོད་ཟས་ཞེས་ཐོས་མ་ཐག་ཐོག་མར་ཤ་མར་ཐུད་གསུམ་སོགས་སྣུམ་བཅུད་ཅན་གྱི་ཟས་རིགས་ཁོ་ན་དྲན་ཡོང་བ་ཡིན། ང་ཚོ་བོད་པ་མང་ཆེ་བས་ཀྱང་ཤ་མར་ཐུད་གསུམ་ནི་བོད་ཀྱི་ཁ་ཟས་ཡིན་ཚུལ་གྱི་ཁྱབ་བསྒྲགས་རབ་དང་རིམ་པ་སྤེལ་གྱིན་ཡོད་མོད། ཞིབ་ཏུ་བསམ་ཚེ་དེ་ལྟ་མ་ཡིན་པར་བོད་པའི་འཚོ་བའི་ཁྲོད་དུ་གཙོ་ཟས་དང་ཕལ་ཟས་ཀྱི་ཁྱད་པར་ཡོད་དེ། དེ་ཡང་ནམ་ཟླའི་འགྱུར་ལྡོག་གི་དབང་གིས་དུས་ཀྱི་དབྱེ་བ་ལ་དགུན་སྟོད་དང་དགུན་སྨད། དཔྱིད། སོ་ག དབྱར། སྟོན་བཅས་དུས་དྲུག་པོར་མིའི་ལུས་ཀྱི་ནང་གི་འབྱུང་བ་ལ་འགྱུར་ལྡོག་གང་དག་ཡོད་པར་ཚན་རིག་དང་མཐུན་པའི་ཟས་ཀྱི་ཆོ་ག་མི་གཅིག་པ་འབྱུང་བ་ནི་དགུན་དུས་རོ་མངར་སྐྱུར་ལན་ཚྭའི་ཟས་རིགས་བསྟེན་པ་དང་། དཔྱིད་དུས་རོ་ཁ་ཚ་བསྐ་བའི་ཟས་རིགས་ཏེ་ནས་རྙིང་། ལོ་ལོན་པའི་རྩམ་པ། སྐམ་སར་གནས་པའི་སྲོག་ཆགས་ཀྱི་ཤ སྦྲང་རྩི། ཆུ་ཁོལ། སྒ་ཐང་སོགས་བསྟེན་པ་དང་། སོས་ཀར་མར་དཀར་ལ་སོགས་པའི་རོ་མངར་བ་དང་ནུས་པ་ཡང་ཞིང་སྣུམ་པ། བསིལ་བའི་ཟས་སྐོམ་གྱི་རིགས་བསྟེན་ཅིང་རོ་ལན་ཚྭ། སྐྱུར་བ་རྣམས་དང་ནུས་པ་ཚ་ལ་རྣོ་ཞིང་རྩུབ་པའི་ཟས་སྐོམ་བསྟེན་པ། དབྱར་དུས་སུ་མེ་དྲོད་སྐྱེད་བྱེད་ཀྱི་ཟས་སྐོམ་སྐམ་སའི་འབྲུ་ལས་བཙོས་པའི་ཆང་ལྟ་བུ་དང་མངར་སྐྱུར་ལན་ཚྭ་དང་ཡང་དྲོ་སྣུམ་པའི་རིགས་བསྟེན་པ། སྟོན་དུས་མངར་ཁ་བསྐ་བ་བསྟེན་པ་སོགས་གཙོ་ཟས་དུས་དྲུག་དང་སྦྱར་ནས་ཟ་བ། ཕལ་ཟས་མི་རེ་རེའི་འབྱུང་ཁམས་ཀྱི་ཟོ་དང་སྦྱར་ནས་ཟ་བ་སོགས་ཀྱི་རིག་གནས་ཡོད་ལ། ཡང་གསོ་རིག་རྒྱུད་བཞིར། ཕན་གནོད་གཉིས་སུ་མ་འདུས་ཟས་གཞན་མེད། །དྲག་དལ་གཉིས་སུ་མ་འདུས་སྤྱོད་ལམ་མེད། །ཅེས་ནད་པ་ལ་སྨན་ཟས་དང་ནད་མེད་ལ་བཅུད་ཟས་ཀྱི་ཁྱད་པར་ཡོད་དེ། དེ་ཡང་རླུང་གི་ནད་ཅན་ལ་དཔེར་ན་ཟྭ་ཚོད་དང་བཙོང་སྒོག་པ། ཟན་སྐམ་རུས་ཚོད། ལུག་ཤ རྟ་ཤ བོང་ཤ འཕྱི་བའི་ཤ་སོགས་ཡུལ་ལུང་གི་འཚོ་བའི་གོམས་གཤིས་ལྟར་ཤ་རྙིང་གི་རིགས་དང་། མར་རྙིང་བ། འབྲུ་མར། ཟན་དྲོན། བཞོས་ཐོག་འོ་མ། ཆང་། བུར་ཆང་སོགས་མདོར་ན་ནུས་པ་དྲོ་ཞིང་སྣུམ་ལ་བཅུད་དང་ལྡན་པའི་ཟས་ཀྱི་རིགས་བསྟེན་པ། དེ་བཞིན་མཁྲིས་ནད་ཅན་གྱི་ནད་པ། བད་ཀན་ཅན་གྱི་ནད་པ། སྙིང་སོགས་དོན་ལྔ་སྣོད་དྲུག་སོ་སོར་ཟ་རུང་ཞིང་ནད་གཞི་བཅོས་པ་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་པའི་སྨན་གྱི་གྲོགས་ལྟ་བུའི་ཟས་རིགས་ཡོད་ལ། ནད་མེད་ཀྱི་བཅུད་ཟས་ལ་མཚོན་ནའང་བྱིས་པ་བཙས་མ་ཐག་པའི་བང་མའི་ཟས་རིགས། བྱིས་པའི་ཟས་རིགས། དར་མའི་ཟས་རིགས། རྒས་པའི་ཟས་རིགས་སོགས་ཕན་ཟས་དང་། ཡང་གནོད་ཟས་ནི་དཔེར་ན་རླུང་ཁམས་ཤས་ཆེ་བའི་མིའི་རིགས་ལ་དབྱར་དུས་རོ་ཁ་ཞིང་ནུས་པ་ཡང་རྩུབ་ཅན་གྱི་ཟས་རིགས་བསྟེན་དྲགས་པ། དབྱར་དུས་མ་ཡིན་ཀྱང་བཅུད་མེད་པའི་ཁ་ཟས་དུས་ཡུན་རིང་བོར་ཟོས་པ་སོགས་ཀྱིས་རླུང་ནད་སློང་གི་ཡོད་པས་ཕན་ཟས་དང་གནོད་ཟས་ཀྱི་ཁྱད་པར་ཡོད་པ་སོགས་བོད་ཟས་རིག་གནས་ལ་གཞུང་ལུགས་ཀྱི་རྒྱབ་ལྗོངས་མཐུག་པོ་ཡོད་པ་རེད།
མདོར་ན་བོད་ཟས་འདི་མི་རིགས་གཞན་གྱིས་གོ་བ་ལེན་ཚུལ་ལྟར་ཤ་མར་ཐུད་གསུམ་ཁོ་ན་ཙམ་མ་ཡིན་པར་ཚན་རིག་དང་མཐུན་པའི་སྒོ་ནས་ཟས་ཟ་བའི་དུས་ནམ་ཟླ་དང་སྦྱོར་བ། ཟས་གཏོང་བའི་ཡུལ་གང་ཟག་དང་སྦྱོར་བ། གཡོས་བྱའི་རྫས་ཀྱི་ནུས་པ། གཡོས་ཤིང་གསོག་བྱེད་སྣོད་ཀྱི་ཁྱད་པར་སོགས་ཕྱོགས་སྣེ་མང་པོ་ལ་བསམ་བློ་བཏང་ནས་བོད་མིའི་ཁྱད་ཆོས་ལྡན་ལ། ཚན་རིག་གི་རིགས་ལམ་གསལ་བ། སྲོལ་རྒྱུན་གྱི་ཆོ་ག་མ་དོར་བ་ཞིག་གི་སྒོ་ནས་བདེ་ཐང་དང་བདེ་འཇགས་ངང་འཕེལ་རྒྱས་ཐུབ་པ་བྱུང་ན་སེམས་བདེ་བག་བྲོ་བསམ་པ་བྱུང་།
དེང་སང་ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོས་གཉིད་རན་པར་ལོག་པ་དང་ཟས་ཚོད་རན་པར་ཟ་བ། འགུལ་བཅག་འོས་འཚམ་རེ་བྱེད་རྒྱུ་དེ་གསུམ་ནི་ཚེ་སྲོག་ཁེག་ཐེག་གི་རྨང་གཞིའི་རིག་པ་གསུམ་ལ་བརྩི་བ་ཇི་བཞིན། ང་ཚོས་ཀྱང་བོད་ཟས་ཀྱི་ཕྱོགས་ནས་ཕྱི་ནམ་ཟླ་དུས་ཀྱི་འགྱུར་བ་ལ་ལྟོས་ཏེ་ཟས་ཀྱི་གདམ་ཀ་ལ་མཁས་པ། ནང་ལུས་ཀྱི་འབྱུང་བའི་ཁམས་དང་འཕྲོད་པར་རྫས་ཀྱི་སྡེབ་ཚུལ་ལ་མཁས་པ། དག་ཅིང་གཙང་ལ་འཕྲོད་པར་སྦྱོར་བའི་ཚན་རིག་གི་རིགས་ལམ་དང་མཐུན་པའི་གཡོས་སྦྱོར་གྱི་ཆེད་ལས་འཛུགས་སྐྲུན་བྱེད་པ། སློབ་མ་སྐྱོང་བ། གསོལ་ཁང་འབྱེད་པ་སོགས་ཀྱི་ལས་སྒོ་གསར་གཏོད་བྱེད་པའི་བྱ་གཞག་འདིས་མ་འོངས་པར་འགྲོ་བ་མིའི་ཚེ་སྲོག་འཕྲོད་བསྟེན་ལ་བདེ་ཐང་བདེ་འཇགས་ཀྱི་རིན་ཐང་སྤེལ་ཐུབ་པར་སྙིང་ནས་སྨོན་འདུན་ཞུའོ། །