༄༅།།འདོ་བ་དངོས་གྲུབ་ལྡེམ་པས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 05-13


    གླུ་ཐ་ལ་ལ་མོ་ཐ་ལ་རེད། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   གླུ་རེ་རེ་མི་ལེན་ཀ་མེད་རེད། །

   རེ་རེ་མ་བླངས་ཚོད་ཡོད་རེད། །

   སྐྱིད་ན་ཇ་ཆང་མཚར་གླུ་ཡིན། །

   སྡུག་ན་རང་སེམས་སྐྱོ་གླུ་རེད། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཧོར་གཡག་ལ་སེར་པོའི་གཡས་ཟུར་རེད། །

   ང་དང་ང་ངོ་མ་ཤེས་ན། །

   རྟ་འདོ་བ་དངོས་གྲུབ་ལྡེམ་པ་ཡིན། །

   ཚ་ཞང་འདན་མ་བྱང་ཁྲ་ལགས། །

   ཁྱོད་དང་འུ་གུ་མི་རྟ་གཉིས། །

   རྒྱ་གར་ཡུལ་ནས་མཉམ་ཆས་ཡིན། །

   རྒོད་ཞན་ཡོད་དོན་ཅི་ལ་ཡོད། །

   སྐྱེས་མཆོག་ནོར་བུ་དགྲ་འདུལ་ཁོང་། །

   དངོས་ཡོད་འཛམ་གླིང་རྒྱལ་པོ་རེད། །

   དངོས་མེད་ཐུགས་རྗེ་ཆེན་པོ་རེད། །

   དཔའ་དགྲ་ལྷ་ཝེར་མ་རང་ཆས་རེད། །

   ཆོས་སྐྱོང་སྲུང་མ་རང་འཁོར་རེད། །

   ཁྱོད་སྟེང་གི་མི་ལ་མགོན་སྐྱབས་མཛོད། །

   འདོ་རྗེ་རྐྱང་རྒོད་གཡེར་བ་དེ། །

   ཕྱི་བལྟས་བྱོལ་སོང་རྟ་ཡི་ཚུལ། །

   ནང་ནས་སངས་རྒྱས་དགོངས་པ་ཅན། །

   སྣང་བ་མཐའ་ཡས་སྤྲུལ་བ་ཡིན། །

   འོད་ཟེར་སྣ་ཚོགས་ལམས་སེ་ལམ། །

   མཛེས་པའི་འཇའ་ཚོན་འཁྱིལ་ལི་ལི། །

   བསེར་མ་རླུང་གི་བང་ཁ་ཡོད། །

   འདམ་ཆགས་བྱ་ཡི་གཤོག་རྩལ་ཡོད། །

   སེངྒེ་དཀར་མོའི་རྩལ་ཤུགས་ལྡན། །

   འདོ་རྗེའི་ཟེ་སྔོན་གཡས་གཡོན་ན། །

   དགྲ་ལྷ་དུང་སྐྱོང་དཀར་པོ་འཁོར། །

   རྣ་རྩེ་རྒོད་ཀྱི་ཐིག་ཕྲན་ལ། །

   གསལ་བྱེད་སྒྲོན་མའི་སོ་བ་འཁོར། །

   དཔུང་བ་རླུང་གི་འཁོར་ལོ་ལ། །

   ཚེ་ལྷ་ངར་མའི་དགྲ་ལྷ་འཁོར། །

   འདོ་བ་བདེ་བའི་རྨིག་བཞི་ལ། །

   མགྱོགས་པ་རླུང་གི་དགྲ་ལྷ་འཁོར། །

   སྤུ་རྩེ་རེ་ལ་ལྷ་རེ་འཁོར། །

   རྟ་ང་ལ་མི་སྐྱོབ་སུ་ལ་སྐྱོབ། །

   རྟ་འདོ་བ་ང་ཡི་མགོན་སྐྱབས་མཛོད། །

   ཐུགས་མ་གཡེལ་རྐྱང་རྒོད་གཡེར་བ་མཁྱེན། །

   ཚ་ཞང་འདན་མ་བྱང་ཁྲ་ལགས། །

   འཛིང་ལུགས་ཅི་དགོས་ཁྱོད་རང་ཤེས། །

   རྒྱུག་ལུགས་ཅི་བྱེད་ང་རང་ཤེས། །

   ཉིན་རེའི་ཉིན་ལ་རྒྱུག་དུས་སུ། །

   ཐང་དཀར་ཉིན་ལམ་གཅོད་འདྲ་བྱེད། །

   སྲིབ་རིའི་སྲིབ་ལ་རྒྱུག་དུས་དེར། །

   ཐང་སྨུག་སྲིབ་ལམ་གཅོད་འདྲ་རྒྱུག །

   ཉིན་སྲིབ་བར་ན་རྒྱུག་དུས་དེར། །

   གླག་རོག་ནག་གཟན་ལ་བཅུམས་འདྲ་རྒྱུག །

   སེམས་དཀར་པོ་ཆོས་བཞིན་འགྲུབ་པར་ཤོག །

   སྟེང་མི་ལ་རྨས་ཕོག་མ་འགྲོ་དགོས། །

   འོག་རྟ་ལ་ཆག་གྲུམ་མ་འགྲོ་དགོས། །

   སྡང་དགྲ་བོའི་གཡས་རུ་གནོན་པར་ཤོག །

   གླིང་དཀར་པོའི་བསྟན་པ་ཚུགས་པར་ཤོག །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   དཔའ་ཚ་ཞང་ཡིད་ལ་དེ་ལྟར་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1