ཆ་སྙོམས་མཚོ་འཕགས་སྨི4500ཡན་ཟིན་པའི་གངས་ལྗོངས་ས་མཐོའི་ནུབ་ཕྱོགས་ཀྱི་ས་འཛིན་ཕྲེང་བ་རིམ་པར་འདས་པའི་སར་ཆགས་པའི་སྟོད་མངའ་རིས་ཞེས་བྱ་བའི་ཡུལ་དེ་ནི་བོད་ལྗོངས་ཀྱི་ཡུལ་གྲུ་གཞན་ལས་ཆེས་མཐོ་སར་གནས་པས་འཛམ་གླིང་གི་ཡང་རྩེའི་ཡང་རྩེ་ཞེས་པའི་སྙན་པའི་གྲགས་པ་ཕྱོགས་བཞིར་གྲགས། དེ་ཡང་། སྟོད་མངའ་རིས་ཀྱི་ས་བབ་མཐོ་ལ་གྲོང་དང་གྲོང་རྡལ་ཉུང་ཡང་། གནས་དེར་ཏི་སིའི་རི་རྒྱུད་ཀྱི་གཙོ་རི་གངས་རིན་པོ་ཆེ་དང་། མཚོ་མ་ཕམ་སོགས་ཡུལ་སྐོར་གནས་མཆོག་ཁྱད་དུ་འཕགས་པ་དང་། གནའ་ཤུལ་གྲགས་ཅན་གྱི་ལོ་རྒྱུས་ནོར་བུའི་ཕྲེང་བ་ལུང་རིགས་ཀྱི་སྲད་བུར་བསྟར་བ། འབྲོང་དང་། རྐྱང་སོགས་ནང་བཅུད་ཀྱི་སེམས་ཅན་ཞི་ལྷོད་དུ་འཚོ་ཞིང་གནས་པའི་ཡུལ་ལུང་ཉམས་དགའ་བ་ཞིག་ཡིན་རྐྱེན། སྐྱེ་བོ་དུ་མས་འདུ་འཛི་ཆེ་བའི་གྲོང་ནས་རྒྱང་དུ་གྱེས་ཏེ་སྟོད་མངའ་རིས་ཀྱི་གནས་རི་གནས་མཚོ་དང་ཐུན་མིན་གྱི་ཡུལ་གོམས་གཤིས་ལུགས་མྱོང་རོལ་དང་། འཛམ་གླིང་གི་ཡང་རྩེའི་ཡང་རྩེར་ཆགས་པའི་གནས་མཆོག་འདིས་སྦྱིན་པའི་ཐུན་མོང་མ་ཡིན་པའི་ཚོར་སྣང་ཉམས་སུ་མྱོང་བར་འགྲོ་མུས་རེད།
྇གངས་དཀར་ལྷུན་པོའི་གཙུག་ཏུ་འཁོར་བའི་མཚམས་སྤྲིན་གཞོན་ནུའི་ཅོད་པན་མཛེས།
སྟོན་གྱི་ཨ་སྔོན་ས་གཞིར་ལྷུང་འདྲའི་མ་ཕམ་གཡུ་མཚོའི་བྱད་བཞིན་མཚར།
ལྷ་ཡི་བཟོ་བོའི་རྩལ་ལས་ཐོན་འདྲའི་དྲུ་རིའི་ཚོགས་ཀྱི་དྲ་བ་མཛེས།
ཞོགས་ཉི་སེར་པོའི་མདངས་ལ་འཁུ་བའི་དྲུ་རིའི་འཛུམ་ཞལ་མིག་ལ་མཛེས།
སྟོད་ཀྱི་ས་གཞི་འགུལ་ཡང་ནུས་པའི་བྲེ་སེར་འབྲོང་གི་རྔམ་བརྗིད་མཐོ།