༄༅།།མེ་བཟའ་འབུམ་སྐྱིད་ཀྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 06-06


   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   མ་རིགས་ལྔའི་མཁའ་འགྲོ་སྙིང་ཐག་ཉེ། །

   སྡེ་ལྔ་དཔའ་བོ་མཐུ་སྟོབས་ཅན། །

   ཚོགས་ཟག་མེད་དགའ་སྟོན་འགྱེད་དུ་གསོལ། །

   ས་འདིའི་ས་ངོ་མ་ཤེ་ན། །

   ཡར་ཁམས་བྱང་མའི་རི་བརྒྱད་ན། །

   བདུད་གླིང་མུན་པའི་དཀྱིལ་འཁོར་རེད། །

   ཕྱོགས་བཞི་མཁར་བཞི་བརྡུངས་པ་འདི། །

   ཤར་ན་ཤ་རིའི་གནམ་རྫོང་ཆགས། །

   ཨ་ཁྱུང་ཀེ་རིའི་ཕ་མཁར་རེད། །

   ལྷོ་ན་དགོ་རྭའི་སྨུག་དཀྲིས་བརྡུངས། །

   མི་ཁྱུང་སྒུ་རུའི་ཕོ་བྲང་རེད། །

   ནུབ་ན་ཟངས་མཁར་ཟུར་དགུ་བརྡུངས། །

   ཀླུ་བཙན་རྒྱལ་པོའི་སྐུ་མཁར་རེད། །

   བྱང་ན་ལྕགས་ར་རྩེ་དགུ་ཆགས། །

   ཁྲོམ་ཤོག་མེ་བཟའི་བཞུགས་གནས་རེད། །

   ཡང་ཐོག་ཉི་མའི་འཁོར་འདབ་རེད། །

   ང་དང་ངོ་མ་ཤེས་ན། །

   ལྷོ་རྒྱལ་འཛམ་གླིང་ས་ཆ་ན། །

   གྲགས་པ་ཅན་ལ་སྤུན་བདུན་ཡོད། །

   ཨ་སྔོན་དགུང་ལ་གྲགས་ཆེ་བ་། །

   ཁྲི་གདུགས་ཉི་མ་མིན་པ་མེད། །

   བར་སྣང་ཁམས་ལ་གྲགས་ཆེ་བ། །

   གཡུ་འབྲུག་སྔོན་མོ་མིན་པ་མེད། །

   དོག་མོ་ས་ལ་གྲགས་ཆེ་བ། །

   ཇོ་བོ་ཤཱཀྱ་མིན་པ་མེད། །

   ཁྲ་མོ་གླིང་ལ་གྲགས་ཆེ་བ། །

   སེང་ལྕམ་འབྲུག་མོ་མིན་པ་མེད། །

   ནག་པོ་རྒྱ་ལ་གྲགས་ཆེ་བ། །

   ཀོང་ཇོ་ཨ་ཀོན་མིན་པ་མེད། །

   སེར་པོ་ཧོར་ལ་གྲགས་ཆེ་བ། །

   མགར་བཟའ་ཆོས་སྒྲོན་མིན་པ་མེད། །

   ཡར་ཁམས་བྱང་ལ་གྲགས་ཆེ་བ། །

   ང་ཁྲོམ་ཤོག་མེ་བཟའ་མིན་པ་མེད། །

   ངོ་ཤེས་ན་སེར་མོ་འབུམ་སྐྱིད་ཡིན། །

   སེང་ཁྲི་པདྨའི་གདན་སྟེང་ན། །

   འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ན། །

   སྐུ་མི་འགྱུར་སེང་ཆེན་རྒྱལ་པོ་ལགས། །

   བློན་ཁ་ཆག་གླུ་ཞུས་ཅི་འདྲ་རེད། །

   གཏམ་སྐད་ཆ་གསར་བཤད་ག་འདྲ་གདའ། །

   ཡོང་མ་མྱོང་བྱ་དཀར་སྤུན་གསུམ་འདི། །

   ལྷ་བྱ་རེད་དམ་འདྲེ་བྱ་རེད། །

   ཐན་ལྟས་རེད་དམ་དངོས་གྲུབ་རེད། །

   ས་གང་གི་ཕྱོགས་ནས་བྱུང་ལེ་རེད། །

   ཡང་མིན་ན་རྒྱལ་མཆོག་གེ་སར་དཔོན། །

   སྐུ་རི་རྒྱལ་སྙུང་ལེ་མ་རེད་དམ། །

   ཐུགས་མཉམ་པར་ཞོག་ལ་ཁ་རོག་བཞུགས། །

   གཏམ་མང་པོ་དྲི་བཤད་བྱེད་མི་འདོད། །

   ཞུ་ག་དར་བློན་པོ་ཕྱིང་སྔོན་ཅན། །

   ཁྱོད་གླུ་ཆུང་ལེན་དོན་ཅི་ལ་ཡིན། །

   ཕ་ཤི་ར་མདའ་སུ་འདྲ་གདའ།།

   མ་བསད་སྟོང་ལེན་སུ་ལ་བབས། །

   རོང་ཡུལ་མཐིང་ཐང་ས་ཆ་ན། །

   དམག་མུ་གེ་ཅི་ཚུགས་བྱུང་ལེ་རེད། །

   ནམ་མཁའི་བྱ་དཀར་སྤུན་གསུམ་པོ། །

   བདུད་ལུང་མུན་པའི་ས་ཆ་ན། །

   གནམ་ལ་ཉི་ཟླ་ཤར་དབང་མེད། །

   སྐར་ཕྲན་འགྲོ་ས་ག་ན་ཡོད། །

   བར་ན་བྱ་ཆེན་ལྡིང་ས་མེད། །

   ཁྱོད་བྱ་ཆུང་འཕུར་ས་ག་ན་ཡོད། །

   ཤ་ཡོད་ཤ་ཁྲལ་ང་ལ་དགོས། །

   སྒྲོ་ཡོད་སྒྲོ་ཁྲལ་ང་ལ་དགོས། །

   བྱ་འཕུར་གནམ་ལ་འཕུར་ཞན་འདྲ། །

   བྱ་བླ་ས་ལ་མི་རྡེབ་རི། །

   དེ་ན་རྒྱལ་པོ་སྐུ་ཚེ་ལགས། །

   གསེར་མདོང་གཡུ་ཡི་མགུལ་དཀྲིས་ཅན། །

   རོང་ཡུལ་སྟོད་ཀྱི་ས་ཆ་ན། །

   ཁོ་བློན་པོའི་ཕ་མ་གཉིས་པོ་དེས། །

   དཔོན་ཀླུ་བཙན་འཚམ་ཞུས་ཕུལ་ལེ་ཡིན། །

   ད་རིང་མིན་པ་ངོམ་མ་མྱོང་། །

   ནང་བཅུད་སྐྱེམས་འབར་རྩེ་དྭངས་འདི། །

   ལོ་ཆང་སྟེང་ལ་ཟླ་ཆང་བསྣན། །

   རྒུན་ཆང་ཟུར་ལ་འབྲས་ཆང་བསྲེས། །

   བུར་སྨུག་སྦྲང་གིས་དྲོ་བ་བསྒྱུར། །

   ཡ་མཚན་འཕྲུལ་གྱི་ཆང་ཞུས་འདིས། །

   སྐྱེམས་འབར་དབུ་འཕང་གཞན་ལས་མཐོ། །

   ཡང་མིན་ན་མར་གསར་ཇ་ཞུས་བྱེད། །

   ཤང་དཀར་བཅུད་ཀྱིས་རིག་པ་དྭངས། །

   སྐུ་རྗེ་ནོར་བུ་དགྲ་འདུལ་དཔོན། །

   མ་མཁའ་འགྲོའི་ཐུགས་སྲས་རིན་པོ་ཆེ། །

   ཞལ་ངོ་བཅོ་ལྔའི་ཟླ་བ་ལ། །

   གནམ་ནག་ལང་དོན་ཅི་ལ་ཡོད། །

   སྤྱན་མིག་ཐོ་རངས་སྐར་ཆེན་ལ། །

   གློག་དམར་འཚུབ་དོན་ཅི་ལ་ཡོད། །

   དགོངས་པ་བྱང་ཆུབ་སེམས་དཔའ་ལ། །

   ཁྲོ་བ་བཞེངས་དོན་ཅི་ལ་ཡོད། །

   ཐུགས་ཕོག་སྤྱན་ཟུར་འགྲོ་དོན་མེད། །

   ག་དར་བློན་པོ་ཕྱིང་སྔོན་ཅན། །

   ཁྲ་གྲུ་བཞི་གྱོད་ཀྱི་སྒོ་མོ་ནས། །

   འཕུང་དཀྲུག་གླུ་ལེན་ཅི་ལ་བྱེད། །

   བཟའ་ཁ་གཏོར་བཤིབ་ཅི་ལ་བྱེད། །

   ཁ་རོག་སྡོད་དང་འཕྲལ་ཕུགས་བདེ། །

   ཁྱེད་རིགས་རྒྱལ་བློན་གཉིས་པོ་དེ། །

   མི་བཞུགས་འབྱོན་བསམ་ཡོད་པ་ན། །

   དམུ་རྗེ་ཀླུ་བཙན་རྒྱལ་པོ་དེ། །

   རང་མལ་རང་ཚུགས་ཁྲིད་ནས་ཤོག །

   དེ་མིན་གླེང་རྒྱུ་ཅི་ཡང་མེད། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   རྒྱལ་བློན་ཐུགས་དེ་འདྲ་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1