མཛོད་དགེའི་རྨ་ཁུགས་དང་པོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ལས་དོན་ལེགས་གྲུབ་བྱུང་།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-11


སྤྱི་ཟླ་6པའི་ཚེས་8ཉིན་ནས་ཚེས་10ཉིན་བར། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིང་ལ་མཛོད་དགེ་རྫོང་རྨ་ཁུགས་དང་པོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར། སྲོལ་རྒྱུན་གྱི་དུས་ཆེན་འདིར་མཛེས་སྡུག་ལྷུན་གྱིས་གྲུབ་པའི་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག །བསྡོམས་རྩིས་བྱས་པ་ལྟར་ན། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ལ་རྨ་ཁུགས་དང་པོར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་1ལྷག་ཟིན་ཡོད། མཛེས་ལྗོངས་ཁུལ་དུ་འཁྲུག་ཆ་དོད་ལ་གང་སར་སྤྲོ་སྣང་དང་འཆམ་མཐུན་གྱི་རྣམ་པས་ཁེངས་ཡོད།

ཡུལ་སྐོར་ཉམས་ལེན་ཡག་པོ་བྱ་ཆེད། མཛེས་ལྗོངས་ཁུལ་དོ་དམ་སྡེ་ཁག་གིས་སྔོན་ལ་གྲ་སྒྲིག་གང་ལེགས་བྱས་ཡོད། བདེ་འཇགས་འགན་ལེན་ཐད་བདེ་སྲུང་མི་སྣ་ཇེ་མང་དུ་བཏང་ནས། སྐོར་གཡེང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་སྒོས་ཡུལ་སྐོར་བའི་མི་ལུས་བདེ་འཇགས་དང་ཡུལ་སྐོར་སྒྲིག་ལམ་ལ་འགན་ལེན་བྱས། ཡུལ་སྐོར་སྒྲིག་བཀོད་ཐད་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དང་ཇེ་ལེགས་སུ་བཏང་ནས། ཡུལ་སྐོར་བས་མཛེས་ལྗོངས་སྔར་བས་སྐྱིད་སྣང་དོད་པོས་མྱོང་རོལ་ཐུབ་པར་སྟབས་བདེ་བསྐྲུན། གཞན་ཡང་མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་ཟ་ཁང་དང་མགྲོན་ཁང་སོགས་ཀྱིས་ཡུལ་སྐོར་བ་མང་བའི་དུས་སྐབས་འདིར་ཁ་གཏད་ནས། ཟས་ཞིམ་པོ་དང་ཞག་སྡོད་ཀྱི་ཁོར་ཡུག་ལེགས་པོ་མཁོ་འདོན་བྱས་ཏེ་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་སྐོང་ཅི་ཐུབ་བྱས།

ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་རྣམས་ལ་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་མྱོང་རོལ་ཐུབ་པ་མ་ཟད་གུང་གསེང་གི་དྲན་འཆར་ལེགས་པོ་བཞག་ཡོད། རྗེས་ཕྱོགས་མཛེས་ལྗོངས་ཁུལ་གྱིས་ཞབས་ཞུའི་སྤུས་ཚད་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས། ཞབས་ཞུ་ལེགས་འདོན་གྱིས་ཡུལ་སྐོར་བར་བསུ་མ་བྱེད་བཞིན་ས་གནས་ཀྱི་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1