༄༅།།མཛེས་སྡུག་ཡིད་དུ་འོང་བའི་བཀྲ་ཤིས་སྒང་རི་གྲོང་གི་ཡུལ་ལྗོངས།

ཆུང་བདག་སྒྲོལ་དཀར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 06-18


  བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ་ནི་ས་མཐོའི་རི་ཁུལ་གྱི་གུ་དོག་ཅིང་སྦུག་རིང་བའི་ས་ཆར་གནས་པ་དང་། གཞོགས་གཉིས་ཀྱི་རི་སྔོན་ནི་དམའ་ས་ནས་མཐོ་སའི་བར་སྡོང་ཕྲན་ནགས་རྫོབ་དང་། ཐང་ཤིང་སྟུག་པོ། གསོམ་ཤིང་སོགས་ལས་མུ་མཐའ་མེད་པའི་ཀླུ་ནང་ནགས་ཚལ་གྲུབ་ཡོད། རི་སྔོན་གྱི་བར་ནི་ཁོད་ཡངས་པའི་ན་ཁ་ཡིན་ལ་དེ་གར་ཆུ་ཕྲན་གྱ་གྱུར་བཞུར་བ་དང་མེ་ཏོག་གང་སར་བཞད་ཅིང་། ཤིང་གི་ར་སྐྱོར་དང་པང་ལེབ་ཀྱི་ཁང་པ་དེ་གར་མཛེས་རྒྱན་སྤྲས་པ་ལྟར་སྣང་བ་དང་། ཐག་རིང་གི་གངས་རི་དང་ཉེ་འགྲམ་གྱི་ནགས་ཚལ་ལས་ལྷིང་འཇགས་དང་ཡིད་དུ་འོང་བའི་རི་གྲོང་གི་མཛེས་རིས་ཤིག་གྲུབ་འདུག 2016ལོར་བཀྲ་ཤིས་སྒང་གྲོང་ཚོ་དེ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ཁག་བཞི་པའི་ནང་བཅུག་པ་རེད།


  བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁུལ་ནས་ཐོན་ཏེ་ཁྲོན་བོད་གཞུང་ལམ་བརྒྱུད་ཤར་ཕྱོགས་སུ་སྤྱི་ལེ་70ཙམ་བསྐྱོད་ནས་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད་པའི་གསེར་སྐྱེམས་ལ་བརྒལ་ཏེ་ནགས་ཀློང་བརྒྱུད་རི་ལམ་ནས་ཡུན་རིང་མ་སོང་བར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང|་རྡལ་ཆུང་ངུར་སླེབས་ཤིང་། བཀྲ་ཤིས་སྒང་གྲོང་ཚོ་ནི་དེ་གར་ཆགས་ཡོད་པ་རེད།

རི་མཐོ་གྲོག་རོང་ཐོག་མར་མཇལ་སྐབས་དུས་བཞིར་ཡིད་དུ་འོང་།

  བཀྲ་ཤིས་སྒང་གྲོང་ཚོ་ནི་རྒྱ་ཆེན་པོ་དེ་ཙམ་མེད་པའི་གྲོང་སྡེ་ཞིག་ཡིན་ལ་དེའི་ཁོངས་གཏོགས་སུ་བཀྲ་ཤིས་སྒང་དང་གྲོང་སྨད་རང་བྱུང་གྲོང་ཚོ་གཉིས་ཡོད་ཅིང་། ཆ་སྙོམས་ས་བབ་སྨི་3300ཟིན་གྱི་ཡོད། གྲོང་ཚོའི་ལམ་ཕྲན་དུ་སྐྱོད་སྐབས་ཕྲུ་གུ་ཚོའི་དཔེ་ཀློག་གི་སྒྲ་དང་ཇ་ཁང་ནང་གི་རྒན་རྒོན་ཚོའི་དགོད་སྒྲ་ལྷང་ལྷང་དུ་གྲགས་ཡོང་། དཔྱིད་དབྱར་དུས་སུ་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བས་བཀྲ་ཤིས་སྒང་གྲོང་ཚོ་ནི་གསོན་ཤུགས་ཀྱིས་ཁེངས་པའི་དགའ་ཚལ་དུ་གྱུར་ཡོད། ཁམ་བུའི་མེ་ཏོག་དང་། སྐལ་བཟང་མེ་ཏོག སྟག་མའི་མེ་ཏོག་སོགས་ཞག་གཅིག་རིང་སྤང་ཐང་ནགས་ཚལ་དང་མཚེའུའི་ངོགས་སུ་བཞད་པ་ལྟར་བཀྲ་ཤིས་སྒང་གྲོང་ཚོར་མཚར་སྡུག་བཀྲ་བའི་མེ་ཏོག་གི་གོས་བཟང་ཞིག་བཀླུབས་འདུག

  སྟོན་ཀ་དང་དགུན་ཁ་ཤར་མ་ཐག་བཀྲ་ཤིས་སྒང་གྲོང་ཚོར་སྨུག་སྤྲིན་ཆེས་མང་བའི་ནམ་དུས་འཆར་གྱི་ཡོད། རི་བོར་སྨུག་པ་འཁྲིགས་པ་དང་གངས་རི་ཡང་རབ་རིབ་ཏུ་འགྱུར་བ་སོགས་དགུན་དུས་ཀྱི་ས་མཐོའི་འབྲོག་ར་ནི་མཛེས་ཤིང་ཡིད་དུ་འོང་། རབ་དཀར་ཁ་བའི་ཁྲོད་དུ་ནོར་གནག་གིས་བག་ཕེབས་ངང་རྩྭ་ཆུར་རོལ་བ་དང་། རྒྱང་རིང་གི་སྔོ་ཐིང་ཐིང་གི་ནགས་ཚལ་ལ་ཁ་བའི་དར་དཀར་གྱིས་གཡོགས་ཤིང་། རི་བོ་མཐོན་པོའི་འོག་ཏུ་སྔར་བས་རྔམ་བརྗིད་ལྡན།

ཇ་རྟ་གནའ་ལམ་ལ་ཕྱིར་མིག་བལྟས་པས་ལོ་ཟླའི་ཆུ་རྒྱུན་རིང་།

  ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་ལྷུང་ལྷུང་དུ་རྒྱུག་པའི་ཆུ་ཕྲན་དང་མུ་མེད་ཀྱི་ནགས་ཚལ་བརྟོལ་ཏེ་ཇ་རྟ་གནའ་ལམ་གྱིས་བཀྲ་ཤིས་སྒང་གྲོང་ཚོ་དང་ཕྱི་རོལ་གྱི་འཇིག་རྟེན་གཉིས་དམ་པོར་སྦྲེལ་ཡོད་པ་རེད།

ཇ་རྟ་གནའ་ལམ་ནི་ཐང་སུང་རྒྱལ་རབས་དུས་ཀྱི་ཇ་རྟ་ཉོ་ཚོང་གི་ཁྲོམ་ར་ནས་བྱུང་ཞིང་། ཁྲོན་བོད་གཞུང་ལམ་དང་ཡུན་བོད་གཞུང་ལམ་ནི་ལམ་ཐིག་གཙོ་བོ་གཉིས་ཡིན། དེའི་ནང་ཡུན་བོད་གཞུང་ལམ་གྱི་ལྷོ་ཡུན་ནན་ཇ་ལོའི་ཕ་ཡུལ་ཕུའུ་ཨེར་ནས་འགོ་བཙུགས་ཏེ་ཏ་ལི་དང་ལི་ཅང་བརྒྱུད་བོད་དུ་སླེབས་པ་དང་། བཀྲ་ཤིས་སྒང་གྲོང་ཚོ་ནི་ལམ་ཐག་རིང་མོའི་སྟེང་གི་ས་ཚིགས་གལ་ཆེན་ཞིག་རེད། ལོ་ངོ་སྟོང་གི་རིང་། འགྲོ་ལམ་དེས་བཀྲ་ཤིས་སྒང་གྲོང་ཚོ་དང་ཕྱི་ཕྱོགས་དམ་པོར་སྦྲེལ་ཡོད་ལ། ཀླུ་ནང་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་རང་བཞིན་དང་ཁོང་ཡངས་རང་བཞིན་ཡང་བཏོད་ཡོད་པ་རེད།

   ལོ་རྒྱུས་ཐོག་དྲེལ་པ་རུ་ཁག་རེ་རེས་ལོ་ཟླ་འཁོར་མོ་ཡུག་ཏུ་ས་བབ་སྨི་4000ཟིན་པའི་མཐོ་གྲང་གི་གཡང་གཟར་གངས་རིའི་གནའ་ལམ་དུ་བསྐྱོད་ནས་ཇ་སོགས་དངོས་ཟོག་རྩ་ཆེན་བོད་ཀྱི་དུད་ཁྱིམ་མང་པོར་སྐྱེལ་གྱི་ཡོད”ཅེས་ཀླུ་ནང་གྲོང་རྡལ་གྱི་ཀྲེན་ཀྲང་འཆི་མེད་ཚེ་རིང་གིས་བཤད་ཅིང་། ཁོང་གིས། ད་ཆ་ཁྲོན་བོད་དང་ཡུན་བོད་གཞུང་ལམ་སོགས་ལ་བརྟེན་ནས་ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ནས་ཀླུ་ནང་སོགས་གསར་དར་གྲོང་ཁྱེར་དང་གྲོང་རྡལ་འབོར་ཆེན་ཞིག་འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད། ཁྲོན་བོད་དང་ཡུན་བོད་གཞུང་ལམ་རྒྱུད་ཀྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་མང་པོས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་གྲོང་ཁྱེར་དང་གྲོང་རྡལ་དེ་དག་སྔར་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།

རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་ནས་གསར་སྤེལ་གོ་རིམ་ལྡན་པ་བྱས།

   བཀྲ་ཤིས་སྒང་གྲོང་ཚོ་ནི་བོད་ཀྱི་ཡུལ་སྐོར་གསར་སྤེལ་གྱི་གྲོང་ཚོ་སྔ་ཤོས་ཀྱི་གྲས་ཡིན་པའི་ངོས་ནས་ཡུལ་སྐོར་གྱི་རྨང་གཞི་ཟབ་མོ་ལྡན་ཡོད། ཡུལ་དེ་གའི་དུད་ཚང་68ནང་གི་དུད་ཚང་52ཀྱིས“ཁྱིམ་ཚང་མགྲོན་ཁང”གཉེར་ཡོད། གྲོང་ཚོར་སླེབས་མ་ཐག་བོད་བཟོའི་ཐོག་སོ་གསུམ་ལྡན་གྱི་ཁང་པ་ཞིག་གིས་མི་རྣམས་ཀྱི་ཡིད་དབང་འགུག་སྲིད་ཅིང་། དེ་ནི་གྲོང་མི་པད་མའི་ཁྱིམ་ཚང་མགྲོན་ཁང་རེད། པད་མའི་ཁྱིམ་ལ་ཐོག་བརྩེགས་ཅན་གྱི་ཁང་པ་སྟར་པ་གཉིས་ཡོད་ལ་སྒོ་རའི་ནང་དུ་འཛུལ་སྐབས་སྒོའི་ཁ་སྤྲོད་དེ་ནི་མ་ཁང་ཡིན་པ་དང་། ཐོག་སོ་གསུམ་གྱི་རྡོ་དཀར་ཁང་པ་ནས་ལོ་ཟླའི་རྗེས་ཤུལ་ཟབ་མོ་མངོན། རྡོ་ཁང་དུ་འཛུལ་ན་ཐོག་སོ་དང་པོ་ནི་བོད་ལུགས་ཀྱི་ཐབ་ཚང་དང་ཚོམས་ཆེན་ཡིན་པ་དང་། ཚོམས་ཆེན་ནང་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་བཟོ་རྩལ་ཐོན་རྫས་མང་པོ་བཤམས་ནས་ཡུལ་སྐོར་བར་བལྟ་རུ་འཇུག་གི་ཡོད། ཐོག་སོ་གཉིས་པ་དང་གསུམ་པ་ནི་ཁང་བདག་གི་ཁང་པ་ཡིན་པ་དང་། ཁང་པའི་ནང་ཡུལ་ལུང་དེ་རང་གི་སྲོལ་རྒྱུན་སྡོད་ཁང་གི་ཉམས་འགྱུར་རྒྱུན་འཛིན་བྱས་འདུག

   མ་ཁང་གི་གཞོགས་སུ་དེང་རབས་ཅན་གྱི་ཉམས་འགྱུར་ལྡན་པའི་ཐོག་སོ་གསུམ་ཅན་གྱི་ཁང་པ་ཞིག་ཡོད་པ་དེར་གཙོ་བོ་ཡུལ་སྐོར་བ་སྡོད་ཀྱི་ཡོད། ཁང་པ་ཚང་མར་གསང་སྤྱོད་དང་ཁྲུས་ཁང་ཡོད་ལ་སྐུད་མེད་དྲ་རྒྱ་ཡང་ཡོད། “ད་ཆ་ཡུལ་སྐོར་བའི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད་པས། ང་ཚོས་ཀྱང་དུས་བསྟུན་མདུན་སྐྱོད་བྱེད་དགོས”ཞེས་པད་མས་བརྗོད་པ་རེད།

གནའ་བོའི་གྲོང་ཚོར་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་མ་དངུལ་རྒྱུན་ཆད་མེད་པར་ཤུགས་ཆེན་བཏང་བས་ཆུ་དང་། གློག དྲ་བ་སོགས་སྤྱི་པའི་ཞབས་ཞུ་རིམ་བཞིན་དོ་སྙོམས་ཅན་དུ་གྱུར་ཡོད། དེ་དང་ཆབས་ཅིག་གྲོང་མིར་གྲོང་ཚོའི་སྲོལ་རྒྱུན་ཁྱད་ཆོས་ལ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1