སྤྱི་ཟླ་6ཚེས་18ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད། ཁོང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དུ་ཕེབས་ཏེ། ས་གནས་དེ་གའི་སློབ་གསོའི་ལས་དོན་ཐད་ཤར་ནུབ་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།
ལོ་རྒྱུས་ལ་ཕྱོགས་ཚེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ད་ལྟའི་ཆར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུའི་ཐོག་གཅིག་སྡུད་གནང་བའི་དོན་སྙིང་གལ་ཆེན་ལ་གོ་བ་ལེགས་པར་ལོན་ཐུབ།
ལོ་10ཡི་གོང་སྟེ། 2014ལོའི་ཟླ་5པར་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས”གསལ་བཏོན་གནང་ཡོད།
དེའི་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་ཡུལ་མི་འདྲ་བ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུའི་ཆོད་སྡོམ་གལ་ཆེན་འདི་རྒྱས་བཤད་གནང་བ་དང་འབྲེལ་དེ་ཉིད་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས་སྐུལ་འདེད་བཏང་གནང་ཡོད།
གྲོས་ཚོགས་གལ་ཆེན་རབ་དང་རིམ་པ་ཚོགས་ནས་མི་རིགས་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་གནང་ཡོད་པ་དང་། མི་རིགས་ས་ཁུལ་དུ་རྟོགས་ཞིབ་གནང་བར་ཐེངས་མང་ཕེབས་ནས་གྲོང་ཚོ་དང་སྡེ་ཁུལ། སློབ་གྲྭ དགོན་སྡེ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་གྱི་བརྟན་ལྷིང་གོང་འཕེལ་དང་མཐུན་སྒྲིལ་ཡར་ཐོན་ལ་ཐུགས་ཁུར་གནང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུའི་ཐད་ནན་སྟོན་ཡང་ནས་བསྐྱར་དུ་གནང་བ་དེ་ནི་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་དམིགས་ཡུལ་གཅིག་གི་ཆེད་དུ་སེམས་པ་དང་ཁ་ཕྱོགས་གཅིག་ཏུ་ཕྱོགས་ནས་འབད་བརྩོན་ཧུར་ཐག་བྱ་རྒྱུའི་ཐུགས་རེ་གནང་བ་དེ་རེད།
ལོ་ངོ་བཅུའི་རིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། མི་རིགས་ས་ཁུལ་གྱི་དབུལ་ཞྭ་ཕུད་དེ་འབྱོར་འབྲིང་དུ་བསྐྱོད་པ་དང་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་བྱུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་བརྩམས་ཡོད་ཅིང་། དེའི་ཐོག་ནས་ཆོད་སྡོམ་གལ་ཆེན་དེའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་ཆེན་དེ་མངོན་ཡོད།
སྤྱི་ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་། སྔ་རྗེས་སུ་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་མི་རིགས་སློབ་འབྲིང་ཞིག་དང་རྒྱ་བོད་མི་རིགས་མཐན་སྒྲིལ་ལ་སྐུལ་འདེད་བཏང་བའི་ལོ་ངོ་སྟོང་གི་གནའ་བོའི་དགོན་པ་ཞིག་ལ་གཟིགས་ཞིབ་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་གནང་བ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་གནང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་རྒྱུར་མཐོང་ཆེན་གནང་བ་བཅས་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུའི་ཐད་སླར་ཡང་ནན་སྟོན་དང་སླར་ཡང་བཀོད་སྒྲིག་གནང་བ་ཞིག་རེད།
ད་ཐེངས་མཚོ་སྔོན་དུ་ཕེབས་པ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མ་འཚོགས་གོང་དང་ཏག་ཏག་འཁེལ་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གནད་དོན་ལ་སྐུལ་འདེད་གཏོང་རྒྱུར་གཙོ་གནད་ཐོག་ཞིབ་འཇུག་བྱ་རྒྱུ་རེད།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཞིག་ཡིན་པས་མི་རིགས་གཅིག་ཀྱང་ལུས་མི་རུང་།
རྒྱལ་ཡོངས་ངོས་ནས་བལྟས་ན། མི་རིགས་ས་ཁུལ་ལ་ཐོན་ཁུངས་ཀྱི་བཟང་ཆ་དང་གོང་འཕེལ་གྱི་ཆ་རྐྱེན། བསྡུར་བའི་བཟང་ཆ་སོགས་ཀྱི་ཐད་ཁྱད་པར་ཡོད་པས། མི་རིགས་ས་ཁུལ་གྱིས་གོང་འཕེལ་ཞེས་པ་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་སྤྱིའི་ལྡེ་མིག་འདི་དམ་པོར་བཟུང་ཐོག ཐོན་ཁུངས་ཀྱི་བཟང་ཆ་དེ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྒྱལ་ཁའི་མཐུན་རྐྱེན་ལ་འགྱུར་བ་བྱེད་པ་དང་འཕེལ་རྒྱས་གཏོང་བའི་ཁྲོད“ལན་ཡག་ཤོས་”དེ་འཚོལ་ཞིབ་བྱེད་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་དང་ཤིན་ཅང་། ཀོང་ཤིས་སོགས་མི་རིགས་ས་ཁུལ་དུ་རྟོག་ཞིབ་གནང་ནས་ཡུལ་བབ་དང་བསྟུན་ནས་ས་གནས་ཁག་གི་སྤུས་ཚད་མཐོ་བའི་གོང་འཕེལ་ཐད་ཐབས་ལམ་བཏོད་གནང་ཡོད།
མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ་ཞེ་ན། དེའི་སྤྱི་ཁྱབ་ཧྲུའུ་ཅིས“མི་རིགས་ས་ཁུལ་གྱི་བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་གྱིས་རང་ངོས་གོང་འཕེལ་གྱི་ནུས་པ་ཆེ་རུ་གཏོང་དགོས།” “འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་དགོས།” “མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་གཞི་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།” “མཐའ་མཚམས་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས་པ”སོགས་ཀྱི་བླང་བྱ་ཁ་གསལ་ཐེངས་མང་བཏོན་གནང་ཡོད།
གནད་དོན་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་བསྒྱུར་བཅོས་ཞེས་པའི་འགག་རྩའི་ཐབས་ཤེས་འདི་མུ་མཐུད་དུ་བེད་སྤྱོད་ལེགས་པོ་བྱས་ཏེ། བསྒྱུར་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་དགོས།
དེ་དང་ཆབས་ཅིག་ཏུ་བསྒྱུར་བཅོས་དེ་གཏིང་ཟབ་ཁུལ་དུ་སླེབས་པས“སྤྱིའི་བགོ་གྲངས་ཆེ་ཤོས”དེ་རྙེད་ཚེ། གཞི་ནས་ཁྱབ་ཁོངས་སྔར་ལས་ཆེ་བའི་བསྒྱུར་བཅོས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ“ལྟེ་མཐུན་སྒོར་དབྱིབས”ཆེ་ཤོས་དེ་འབྲི་ཐུབ།
སྤྱི་ཁྱབ་ཧྲུའུ་ཅིས“ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ཁྱིམ་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ”དེ་ཐུགས་ལ་བཅངས་གནང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པར་མི་རིགས་ཁག་གིས་ལག་གདང་དཔུང་སྦྲེལ་གྱིས་ཐུན་མོང་ཐོག་འབད་བརྩོན་བྱ་དགོས།
དམིགས་འབེན་སྔར་ལས་ཆེ་བ་དང་། འགན་འཁྲི་སྔར་ལས་ལྕི་བ། དུས་བབ་སྔར་བས་རྙོང་འཛིང་ཆེ་བས་ན། ཕྱོགས་གང་ཅིའི་ཐད་ཀྱི་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་དགོས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བར་བྱེད་པའི་ཟང་གྱང་ལྕགས་རྩིག་བསྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་རིགས་ས་ཁུལ་དུ་ཟབ་ཞུགས་གནང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ནན་སྟོན་གནང་བ་དེས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་གཏོང་རྒྱུ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་གནང་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སེམས་པ་གཅིག་ལ་ཕྱོགས་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། གོམ་འགྲོས་གཅིག་གི་ཐོག་ནས་མདུན་སྐྱོད་ཐུབ་རྒྱུར་འགན་སྲུང་གནང་ཡོད། །