༄༅།།ཡར་འབྲོག་ངོ་སྤྲོད་མདོར་བསྡུས།

བསམ་ཤོད་པ་དཀོན་ཅོག་ཡོན་ཏན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 06-27


གངས་རི་ཤེལ་གྱི་མཆོད་རྟེན། །

གནོད་སྦྱིན་གང་བ་བཟང་པོ། །

ཆུ་མོ་གཡུ་ཡི་མཎ་ཌལ། །

ཡར་འབྲོག་གཡུ་མཚོ་ཕྱུག་མོ། །

ཕྱི་སྣོད་ལྷ་ཡི་མཛེས་ལྗོངས། །

ནང་བཅུད་ཕུན་ཚོགས་ཀུན་འཇོམས། །

མཛེས་ལྡན་ལྷ་ཡི་སྲས་སྲོས། །

ཡར་འབྲོག་སྒང་ལ་ཕེབས་དང་། །

‍‍          ཞེས་པའི་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་རླུང་ལྟར་གྲགས་པའི་བུད་མེད་ཀྱི་མཉམ་གཞས་སྙན་མོ་དེས་སྔུན་བསུས་ནས། འདིར་ཆེད་དམིགས་སུ་ཡར་འབྲོག་སྒང་དུ་གྲགས་པའི་ཡུལ་གྲུ་འདིའི་སྣོད་བཅུད་ཀྱི་བཀོད་པ་ཅུང་ཟད་ཅིག་བརྗོད་ན་འདི་ལྟར་ཏེ།

ཡར་འབྲོག ལྷ་ཡུལ་ལས་འཕོས་པའི་མི་ཡུལ། འདི་ན་དུང་དཀར་གཡས་འཁྱིལ་མཁའ་ལ་འགྱིང་འདྲའི་དཔངས་མཐོ་ཞིང་རྔམ་གཟར་བའི་བོད་ཀྱི་ལྷ་རི་གྲགས་ཅན་བཞིའི་ཡ་གྱལ་གནོད་སྦྱིན་གང་བ་བཟང་པོས་གཙོས་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་དུ་གྲགས་པའི་ཇོ་ཕོ་ཇོ་མོ་དང་། དཀྱིལ་གངས་ཟུར་གསུམ་མ། ལྕམ་བཟང་ལྷ་མོ་སོགས་དཀར་མདངས་རྣམ་བཀྲའི་གངས་རི་མང་ལ། དུས་བཞིར་དངུལ་འོད་ལམ་ལམ་བཀྱེ་བའི་ཆུ་ཤེལ་ཕོ་བྲང་ཕོ་མོ་བྱང་བཏང་གངས་སྦུག་གི་བཙན་གངས་ཅན་དང་། ཆོས་རྫོང་ཕུ་ཡི་ནུབ་ངོས་ཀྱི་ཕྱག་གཡོན། ཁ་རོ་ལ་སོགས་ཀྱི་ངོ་མཚར་ཆེ་བའི་འཁྱག་རོམ་དང་། བདུད་རྩིའི་སྐྱེམ་མཆོག་ཇི་ལྟའི་གངས་ཕུག་ཆབ་བཟང་དང་ཧ་མོའི་ཆུ་མིག་སོགས་ལྷ་ཡི་གཏེར་ཆུ་དྭངས་མའང་མཆིས། ཡུལ་འདི་ནི་ཨ་སྔོན་ནམ་མཁས་ས་ལ་འཕོས་འདྲའི་གངས་ལྗོངས་ཀྱི་གྲགས་པའི་མཚོ་ཆེན་བཞི་ཡི་ནང་ཚན་འབྲོག་ཆེན་འཁོར་འདུལ་གྱི་བསྟི་གནས་ཡར་འབྲོག་གཡུ་མཚོ་དང་། བེེ་རོ་ཙ་ནའི་བླ་མཚོར་གྲགས་པའི་ཕོ་མ་གཡུ་མཚོས་དབུས་གྲེམ་མཚོ་དང་གོང་མོ་མཚོ། སྦ་ཆོས་མཚོ་སོགས་ས་མཐོའི་མཚོ་མཚེའུ་མང་ཁར་དེ་དག་ནི་མ་བཅོས་ལྷུན་གྲུབ་ཅན་གྱི་རང་བྱུང་ཉ་མཛོད་དུ་གྲུབ་ལ། ཉ་རིགས་དང་འབོར་གྲངས་སྐྱེ་བོའི་བློ་ཡུལ་ལས་འདས། མཚོ་དབུས་ན་ཁྲུང་ཁྲུང་མགོ་ཁྲ་དང་ངུར་པ་གསེར་ལྡན། མཐིང་རིལ་གྱོ་མོ་སོགས་དུས་བྱའི་རིགས་སྐྱེ་འཕེལ་བྱ་སའི་ངོ་མཚར་སྟོང་གིས་ཕྱུག་པའི་བསེ་དོ་སོགས་སེམས་ཅན་སྣ་ཚོགས་པའི་བཟོ་དབྱིབས་མིང་དུ་གྲུབ་པའི་གླིང་ཕྲན་ཉེར་གཅིག་ཡོད་པ་ལས། བསེ་དོ་སྒོང་སྡེ་ནི་བོད་ལྷོའི་བྱ་གླིང་ཆེ་ཤོས་སུ་གྲུབ། མཚོ་མཚེའུ་དེ་དག་ལ་རྒྱུ་བའི་ཆུ་རྒྱུན་ཉེར་གཅིག་ཡོད་པ་ལས། མཁར་གདོང་གཞུང་ཆུའི་རིང་ཚད་ལ་སྤྱི་ལེ༧༣ཡོད་པ་དེས་བོད་ལྷོའི་ནང་འབབ་ཆུ་བོ་ཆེ་ཤོས་སུ་གྲགས། དེ་བས་ན་གཡུ་མཚོའི་ཉེ་ངོགས་སུ་གཏམ་གསུམ་སྐད་དུ་གྲགས་པའི་དཀར་མོ་གླིང་དང་ཨ་སྔོན་ནམ་མཁའ་ས་ལ་འཕོས་འདྲའི་སྦ་ཆོས་རྩྭ་ཐང་། འཛམ་གླིང་ཡང་རྩེའི་དབུ་རྩེར་གྲགས་པའི་ཕུ་མ་བྱང་ཐང་སོགས་རང་བྱུང་རྩྭ་ཐང་གྲགས་ཅན་རྣམ་གསུམ་ཡོད་པ་ལས་དཀར་ཁྲི་ནག་སྟོང་གི་རྐང་བཞི་འཕེལ་ཁ་མཐོ་ཁར་དེ་བས་ན་རྐྱང་ཁ་དཀར་གྱིས་བྲོ་འཁྲབ་ཅིང་དགོ་བ་རྐུབ་དཀར་གྱིས་གླུ་ལེན་པའི་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོགས་ཆགས་ཀྱི་སྐྱིད་ཚལ་དུ་གྲུབ། ཡུལ་དེ་ན་གདོད་མའི་ལྷ་ཤིང་ཤུག་པས་གང་བའི་ལྗོན་ཕྲུག་དང་། དྲི་ཞིམ་སྤ་ཤུག་གིས་ཡོངས་སུ་གཏམས་པའི་འཛམ་ཆོས་ཡོད་ལ། ལེ་ཁྲིར་མངར་དྲི་འཐུལ་བའི་ཁ་རག་ཡུལ་གྱི་འབྲས་ཤིང་ལྡུམ་རའང་མཆིས།  འདི་གར་ནད་རིགས་བཞི་བརྒྱ་རྩ་བཞི་བཅོས་ནུས་པའི་སྒ་འདྲ་ཆུ་ཚན་དང་། སྙན་གྲགས་བོད་ཁམས་ཀུན་ན་ཁྱབ་པའི་དབྱིན་འགོག་རྗེས་ཤུལ་དམག་དཔོན་བྲག་ཡོད་ལ། སྔོ་སྨན་ཀུན་གྱི་རྒྱལ་པོར་གྲགས་པའི་བཙན་དུག་གི་འདེབས་ལས་རྟེན་གཞི་ཁ་རག་ལ་ཕུའང་ཡོད། གཞན་ཡང་། མཛེས་ཤིང་འབྱོར་ཕྱུག་ལྡན་པའི་ས་འཛིན་ཆེར་བྱེ་གསེར་དང་། ཆུ་ཤེལ་ཟུར་དྲུག་མ་སོགས་རང་བྱུང་གཏེར་དངོས་ཀྱང་འབེལ།

ཡར་འབྲོག གདོད་མའི་ཤེས་རིག་གི་འབྱུང་གནས། ཡུལ་འདི་ནས་སྐུ་ཉིད་ལ་གདོད་མའི་བོན་ཆོས་དར་བ་ནས་ཉེ་རབས་དགའ་ལྡན་ཕོ་བྲང་བར་གྱི་ལོ་རྒྱུས་འབྱུང་འཕེལ་རགས་པར་མངོན་ཐུབ། འདི་ན་གདོད་མའི་བོན་གྱི་སྲིད་པའི་ལྷ་དགུའི་ནང་ཚན་ཁ་རག་ཇོ་བོ་གཡུལ་རྒྱལ་དང་། རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་གྱལ། སྣུབས་རྒྱལ་སྲིད་པ་རྗེའི་སྐུ་མཁར་དཔལ་དེའི་མཁར་གོག རྒྱལ་ཕྲན་སིལ་མ་ཞེ་གཉིས་པའི་བྱེ་བྲག་འབྲོག་མོ་རྣམ་གསུམ་ལས་འབྲོག་མོ་རྣམ་གཉིས་ཀྱི་འབྲོག་ཐང་ཡོད་ལ། བཙན་པོའི་དུས་ཡར་འབྲོག་ཁུལ་གྱི་ཆེས་ཆེ་བའི་འདས་མཆོད་འབུལ་ཡུལ་སྟག་ལུང་བང་སོའི་ཁྱུ་ཚོགས་དང་། མི་ལོ་ཁྲི་ཡི་སྔ་རྗེས་སུ་བོད་རིགས་ཀྱི་མེས་པོ་དག་ཡར་འབྲོག་ཁུལ་དུ་འཚོ་གནས་བྱ་ཚུལ་ར་སྤྲོད་ཐུབ་པའི་དན་རྟགས་མདོ་ཆོས་ཤང་ས་སྟོད་གྲོང་ཚོའི་ས་འོག་ནས་ཐོན་པའི་རྡོ་ཆས་རྙིང་མ། ཡར་འབྲོག་ནས་ཐོན་པར་གྲགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དཀོར་ནོར་གཙིགས་ཆེན་སྡེ་བཞིའི་སེར་སྐྱེམས་དང་སྐྱེམས་ཐུལ་བྱ་མ་བུམ། རྩ་རླུང་སྒོམ་སྤྱོད་ལ་བརྟེན་ནས་གཏུམ་མོའི་བདེ་སྤྲོད་རབ་ཏུ་འབར་བར་མངའ་རྙེད་པའི་དཔལ་ལྡན་འབྲུག་པ་བཀའ་རྒྱུད་ཀྱི་དགོན་པ་ཤིང་རྩ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཆོས་འཁོར་གླིང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒོམ་སྒྲུབ་དབེན་གནས་ཁྱད་པར་ཅན། བོད་ཡུལ་གྱི་ཟངས་མདོག་དཔལ་རིར་གྲགས་པའི་གནས་ཆེན་རོང་པོ་རྫ། བོད་ཁྲི་སྐོར་བཅུ་གསུམ་གྱི་ནང་ཚན་ཡིན་པའི་ཡར་འབྲོག་སྟག་ལུང་ཁྲི་སྐོར་གྱི་དཔོན་ཆེན་ཨང་ལའི་དབྱར་བྲང་། སྟག་ལུང་ན་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་ཉམས་བཟོ་རྒྱ་བསྐྱེད་བྱས་པར་གྲགས་པའི་དཔལ་ལྡན་ས་སྐྱ་པའི་ཆོས་སྡེ་ཆེན་མོ་ཐར་པ་གླིང་། རྒྱལ་བ་ལྔ་པ་ཆེན་པོའི་མ་ཡུམ་ཀུན་དགའ་ལྷ་མཛེས་འཁྲུངས་ཡུལ་སྣ་རྩེའི་གཟིམ་ཆུང་བསྟན་འཛིན་ཕོ་བྲང་། བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་བུད་མེད་སྤྲུལ་སྐུ་ཉག་ཅིག་ཡིན་པའི་རྗེ་བཙུན་རྡོ་རྗེ་ཕག་མོའི་གདན་ས་ཡར་འབྲོག་བསམ་ལྡིངས་དགོན།

དབེན་གནས་དྲང་སྲོང་སྐྱེད་ཚལ་ལ་ཅོ་འདྲི་བའི་ཡར་འབྲོག་མཚོ་གླིང་སྟེང་གི་རྙིང་མ་བའི་དགོན་ཡོན་པོ་དོ། སྔ་འགྱུར་བྱང་གཏེར་བའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་བྲག་ར་བསམ་གཏན་ཆོས་གླིང་། གྲུབ་གནས་ཁྱད་པར་ཅན་ཡར་འབྲོག་གཅལ་སྒོ་བྲག དག་པའི་ཞིང་མཆོག་མུ་ཏིག་སྤ་མ་གཡའ་གོང་། རྦབ་ཆུ་གནམ་འདེགས་ཀ་བ་ཇི་ལྟའི་དབེན་གནས་གངས་ཀྱི་ཕུག་པ། སྔ་འགྱུར་རྙིང་མ་བའི་དབུ་བླའི་དབུ་བླར་གྱུར་པ་ཞྭ་དེའུ་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་པའི་སྔོན་གྱི་གདན་ས་ཨོ་རྒྱན་མདོ་སྔགས་ཆོས་གླིང་། ཇོ་ནང་ཏཱ་ཐ་ནཱ་རའི་འཁྲུངས་ཡུལ་འབྲེང་ཕུ་ཆོས་འཁོར་སྡིངས། ཙ་རི་ཏྲ་གཉིས་པར་གྲགས་པའི་གནས་ཆེན་ཁ་རག་གཡས་སྐོར། ཞང་བཀྲ་ཤིས་རྡོ་རྗེ་དང་། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག ཆོས་བདག་གུ་རུ་ཇོ་འབེར། མཁས་པ་ཉི་འབུམ་དང་ཟླ་བུམ་སོགས་མཚན་སྙན་གངས་ལྗོངས་ཀུན་ཏུ་གྲགས་པའི་སྐྱེས་ཆེན་དམ་པ་མང་དུ་འཁྲུངས་ཡུལ་ཁ་ལུང་རྒྱགས་བྲུའི་བླ་དོ་ཀོང་སོགས་ཤིན་ཏུ་མང་ངོ་། །

ཡར་འབྲོག དངོས་མིན་རིག་གནས་ཀྱིས་རབ་ཏུ་ཕྱུག་པའི་གནས་མཆོག ཡུལ་འདི་ན་ར་ལོས་བསྐྱེད་བསྲིངས་དར་འཕེལ་གནང་བར་གྲགས་པའི་ཁ་རག་འབྲེང་ཕུའི་རྔ་བྲོ་དང་། ལྷ་ཅིག་ཨ་ཇེ་རྒྱ་བཟའི་ཕྱག་རྒྱུན་བཟོ་རྩལ་གྲམ་མདའི་སྐ་རགས་ཤོ་མིག ཐུན་མིན་གྱི་ཁྱད་རྟགས་རབ་ཏུ་ལྡན་པའི་ལྷུན་པོ་ཞོལ་གྱི་བཙུགས་ཕྲུག སྒ་འདྲ་རྒྱན་སྒོ་བཅུ་གསུམ་གྱི་རྟ་རྒྱུགས་དུས་ཆེན། བོད་ཁམས་ཀུན་ན་གྲགས་ཆེ་བའི་སྟག་ལུང་ཚོང་འདུས། ཚགས་རིས་རྣམ་པར་བཀྲ་བའི་གསེར་དངུལ་གྱི་རྒྱན་ཆས་ཐོན་ཡུལ་མངར་བྲག་ཤང་གི་གཡག་ལུང་གྲོང་ཚོ། མཐོ་སྒང་འབྲོག་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་དུས་སྟོན་ཕོ་མོ་བྱང་བཏང་གི་སྤྱི་རིམ་ཆེན་མོ། སྙན་གྲགས་འཇིག་རྟེན་ན་ཁྱབ་པའི་དབྱིབས་ཆེའི་འཁྲབ་གཏོང་གླུ་གར་ཡར་འབྲོག་སྤྱང་གཞུང་སོགས་ཡོད་དོ། །

ཡར་འབྲོག རོ་བརྒྱའི་ཟས་བཅུད་ཀྱིས་ཕྱུག་པའི་ནོར་ལྗོངས། འདི་ན་བོད་ཁམས་ཀུན་ཏུ་གྲགས་པ་ཆེ་བའི་ངར་ཆེའི་ཁ་རག་བོད་སྒོག་དང་། རོ་བཅུད་ཆེ་བའི་དཔལ་དེའི་སྤང་སྐྱེས་སེར་ཤ དེང་དུས་གནོད་མེད་བཟའ་བཅའ་ཁ་ལུང་གི་མངར་ཕྱུར། བཟོ་རྩལ་ཁྱད་དུ་འཕགས་པའི་སྣ་རྩེའི་ཉ་འབྲས། སྙན་གྲགས་ཀུན་ཏུ་འཕེལ་བའི་ཕོ་མོ་བྱང་བཏང་གི་དགུན་ཆུང་མར་སེར། སྔོན་ཚེ་སྡེ་པ་གཞུང་གི་ཆེད་སྤྱོད་གསོལ་དཀྲུམ་ཡིན་པའི་ལྷུན་པོ་ཞོལ་ཤང་ཆུ་འགོ་གྲོང་ཚོའི་ཡར་འབྲོག་སྐམ་གསོལ་སོགས་ཀྱང་མཆིས་སོ། །‍‍


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1