ཨེར་ལང་རི་བོའི་གཞུང་ལམ་གྱིས་བོད་ཡུལ་ལ་བཅིངས་འགྲོལ་ཐེངས་གསུམ་བཏང་ཟེར་ན་ཐལ་ཆེའམ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 07-11


སྤྱི་ཟླ་7པའི་ཚེས་9ཉིན། སི་ཁྲོན་ཏང་དེབ་དང་ཁྲུང་ཆིང་ཏང་དེབ་གཉིས་ཀྱིས་མཉམ་དུ་སྤེལ་བའི“ལམ་གཉིས་སྙིང་སྟོབས་དར་སྤེལ་གཏོང་། གངས་ལྗོངས་གཏམ་རྒྱུད་སྙན་མོ་བཤད།——ཁྲོན་བོད་ལམ་དུ་བརྒྱུད་ནས་འཕོ་འགྱུར་ལྟ”ཞེས་པའི་བཅར་འདྲི་ཚོ་ཆུང་ཁྲེང་ཏུའུ་ནས་ལམ་དུ་ཆས།

ཉིན་དེར་དྲག་ཆར་མུ་མཐུད་འབབ་བཞིན་འདུག་ཀྱང་། ང་ཚོའི་རླངས་འཁོར་ལམ་འགྲམ་གྱི་ཆར་ཆུའི་ཟེགས་མ་མཁའ་རུ་གཏོར་བཞིན“གཡག་ཁམས”མྱུར་བགྲོད་གཞུང་ལམ་ཐོག་མྱུར་གྱིས་བསྐྱོད་པས་ཆུ་ཚོད་གཅིག་ལྷག་གིས་ཐེན་ཆོན་ཞབས་ཞུ་ས་ཚུགས་སུ་སླེབས་སོང་། ང་ཚོས་ས་ཚུགས་དེར་བཙུགས་པའི་ཁྲོན་བོད་གཞུང་ལམ་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས་པས། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཤོག་བཅོ་བརྒྱད་པས་དཀའ་ངལ་ཁྱད་བསད་ཀྱི་སྙིང་སྟོབས་ཆེན་པོས་ལག་གི་ཐོ་བ་དང་ལྕགས་མདའ། འབར་གས་ཉུང་ཙམ་ཁོ་ན་ལ་བརྟེན་ནས་ལོ་བཞིའི་རིང་མི་ཁྲི་བཅུ་གཅིག་ཙམ་གྱིས་ཁྲོན་བོད་གཞུང་ལམ་གཡག་རྔ་ནས་ལྷ་ས་བར་བསྐྲུན་པའི་པར་རིས་སོགས་ལ་ལྟ་དུས་དངོས་གནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་གཉིས”སྙིང་སྟོབས་ནི་དཀའ་ངལ་ལ་མི་སྐྲག་པ། ཤི་རྒྱུ་ལ་མི་སྐྲག་པ། སྙིང་རུས་བརྩོན་ལེན། ལམ་གདན་བཟོ་ཕོད་པ། དམག་དམངས་ཁྱིམ་གཅིག །མི་རིགས་མཐུན་སྒྲིལ་བཅས་ཡིན་ཞེས་གསུངས་པ་དེ་ལོས་བདེན་སྙམ།

ལོ་ཉི་ཤུ་སུམ་ཅུའི་སྔོན་དུ་ཤིང་སྡོང་འདྲུད་བཞིན་པའི་བཅིངས་འགྲོལ་རྟགས་ཅན་དང་། ཤར་རླུང་རྟགས་ཅན་གྱི་རླངས་འཁོར་དག་ཁྲེང་ཏུའུ་ནས་བོད་ཀྱི་ས་གནས་བར་དུ་རྒྱུ་སྐབས་ཝེར་ལང་རི་བོ་ནི་དཀར་མཛེས་དང་གཡག་རྔ་བར་གྱི་རི་བོ་ཆེ་ཤོས་དེ་ཡིན་པས་རླངས་འཁོར་དེ་དག་གངས་དང་འཁྱགས་རམ་བརྒལ་ནས་འགྲོ་མ་ནུད་ཀྱིས་རི་བོར་འཛེག་བཞིན་པའི་སྣང་ཚུལ་ད་ལྟ་ཡང་བརྗེད་རྒྱུ་མི་འདུག །སྐབས་འགར་རླངས་འཁོར་གཅིག་ལ་སྐྱོན་ཤོར་ན་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཚང་མ་བཀག་འགྲོ་བ་དང་། ལ་མགོ་སོགས་སུ་ཉིན་མཚན་ཁ་ཤས་བཀག་པའི་བཤད་རྒྱུན་ཡང་མང་། དེ་དུས་དར་མདོ་ནས་ཁྲེང་ཏུའུ་བར་མ་མཐའ་ཉིན་གཉིས་འགྲོ་དགོས།

གང་ལྟར་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་ཁམས་བོད་གཞུང་ལམ་དེ་གཡག་རྔ་ནས་དར་མདོ་བར་གསར་བཟོ་བྱས་པ་དེས་ཨེར་ལང་རི་བོ་བརྒྱུད་ནས་མི་ཡིས་ཇ་དང་ཚོང་རྫས་ཁུར་དགོས་པའི་ལོ་རྒྱུས་མཇུག་རྫོགས་ནས་བོད་ཡུལ་ལ་བཅིངས་འགྲོལ་ཐེངས་དང་པོ་ཐོབ་པ་རེད།

1996ལོར་ཨེར་ལང་རི་བོའི་ལམ་གྱི་སྤུས་ཚད་དང་ཞེང་རྒྱ་ཇེ་ཆེར་བཏང་བ་དང་ཆབས་གཅིག་འགྲོ་སོང་སྒོར་དུང་ཕྱུར་4.7བཏང་ནས་ཨེར་ལང་རི་བོའི་ཕུག་ལམ་སྐྲུན་འགོ་ཚུགས་ཤིང་། 1998ལོའི་ཟླ་11པའི་ཚེས་28ཉིན་ཕུག་ལམ་དངོས་སུ་ཕུག་ཐུབ་པ་བྱུང་ཞིང་། 2001ལོའི་ཟླ་དང་པོའི་ཚེས་1ཉིན་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་ནས་དུས་ཡུན་སྐར་མ་བཅུའི་ནང་ཨེར་ལང་རི་བོ་བརྒལ་ཐུབ་པ་དང་། དར་མདོ་ནས་ཁྲེང་ཏུའུ་ལ་ཉིན་གཅིག་གིས་སླེབས་ཐུབ་བྱུང་བས་བོད་ཡུལ་ལ་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་པ་རེད།

དེ་རྗེས་ཀྱི་2012ལོ་ནས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས་ཤིང་། 2018ལོར་ལས་མཇུག་ཡོངས་སུ་རྫོགས། དུས་ཡུན་ལོ་དྲུག་རིང་ལས་པའི་ལེ་དབར་135ཅན་གྱི་མྱུར་བགྲོད་གཞུང་ལམ་ལ་རྒྱལ་ཁབ་ཀྱིས་འགྲོ་སོང་སྒོར་དུང་ཕྱུར་230བཏང་ཡོད། དེ་ནས་བཟུང་དར་མདོ་ནས་ཁྲེང་ཏུའུ་རུ་ཆུ་ཚོད་གསུམ་དང་ཕྱེད་ཙམ་གྱིས་སླེབས་ཐུབ་པ་བྱུང་བས་བོད་ཡུལ་ལ་བཅིངས་འགྲོལ་ཐེངས་གསུམ་པ་ཐོབ་པ་རེད།

ང་རང་ཡང་ལམ་འདིའི་ཕན་འབྲས་ཉམས་སུ་མྱོང་མཁན་དང་། འགྲིམ་འགྲུལ་འཕོ་འགྱུར་རླབས་པོ་ཆེའི་བདེན་དཔང་གི་མི་ཞིག་ཀྱང་བརྩི་ལོས་ཆོག་སྙམ། མ་ཚད་མི་ལོ་མང་པོའི་སྔོན་ནས་གསར་འགོད་པ་རྒན་པ་ཞིག་གི་ངོས་ནས་ལམ་འདིའི་འགྱུར་ལྡོག་མཚོན་པའི་འདྲ་པར་ཡང་མང་པོ་བླངས་མྱངས། ངས་ལོ་སུམ་ཅུའི་སྔོན་དུ་བླངས་པའི་འདྲ་པར་དང་དེང་གི་སྟབས་བདེའི་འགྲིམ་འགྲུལ་བར་ལ་དབྱེ་བསྡུར་རེ་བྱས་ན“གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག”ཅེས་པའི་ཐ་སྙད་འདི་སྤྱད་ན་མི་འོས་པ་མི་འདུག་སྙམ།

ཨེར་ལང་རི་བོ་ནི་རྒྱ་བོད་ས་མཚམས་ཀྱི་ཆེས་མཐོ་བ་དང་ཆེས་འགྲོ་དཀའ་བའི་རི་བོ་ཞིག་ཡིན་པས་གནའ་ནས་རྒྱ་བོད་བར་གྱི་འགྲོ་འོང་གི་བཀག་རྡོ་ཆེན་མོ་ཞིག་གྱུར་ཡོད། རང་རེའི་རྒྱལ་ཁབ་ཀྱིས་ཨེར་ལང་རི་བོའི་གཞུང་ལམ་ལས་པ་ནས་བཟུང་རྒྱ་བོད་འབྲེལ་འདྲིས་ཇེ་ཟབ་དང་། འགྲོ་འོང་སྤེལ་རེས་ཇེ་མང་གྱུར་ནས་ད་ལྟ་གཞུང་ལམ་དེ་ནི་ཆེས་མཛེས་སྡུག་ཡིད་དབང་འཕྲོག་པའི་ལམ་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་གྱི་ལམ་ཆེན། བོད་ཡུལ་དཔལ་ཡོན་ཡར་ཐོན་གྱི་ལམ་ཆེན། བོད་འབྲེལ་ས་ཁུལ་གྱི་མི་རིགས་ཁག་མཉམ་དུ་འབྱོར་ཕྱུག་རྒྱས་པའི་ལམ་ཆེན་ཞིག་ཏུ་གྱུར་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1