དར་མདོ་ནས་དཀར་མཛེས་ལམ་རྒྱུད་ཀྱི་མཐོང་ཐོས།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 07-16


འགྲིམ་འགྲུལ་ནི་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན་པས་འགྲིམ་འགྲུལ་གང་དུ་དར་ན་ས་གནས་དེ་འཕེལ་རྒྱས་ཡོང་སྲིད་པ་ནི་ཆོས་ཉིད་དུ་གྲུབ། དཀར་མཛེས་ཁུལ་ལ་མཚོན་ན་ཁྲོན་བོད་གཞུང་ལམ་ནི་རྒྱ་བོད་འགྲོ་འོང་གི་གསེར་ལམ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དངུལ་ལམ། མི་རིགས་མཐུན་སྒྲིལ་གྱི་མཐུན་ལམ། འབྱོར་ཕྱུག་འཚོ་བ་ཡི་ཕྱུག་ལམ་ཞིག་ཡིན།

ད་ལོ་ནི་ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་བྱས་ནས་ལོ་༧༠འཁོར་བས། གངས་ལྗོངས་ཉི་གཞོན་གྱི་བཅའ་འདྲི་ཚོ་ཆུང་ཁ་སང་དཀར་མཛེས་རྫོང་དུ་ཐོན་སོང་། ང་ཚོ་ལྕགས་ཟམ་ཁ་ནས་དཀར་མཛེས་རྫོང་བར་ལམ་དུ་བཅར་འདྲི་བྱེད་ཞོར་ཡོང་ཞིང་ལམ་ཁ་རུ་ཡུལ་སྐོར་ལྗོངས་རྒྱུ་བྱེད་མཁན་གྱི་རླངས་འཁོར་དང་འགྲུལ་པ་མང་པོ་འགྲོ་ཡོང་བྱེད་པ་མཐོང་།

སྔ་དྲོའི་ཆུ་ཚོད་བདུན་ཐོག་ལྕགས་ཟམ་ཁ་ནས་ཡོང་བས་ཆུ་ཚོད་བཅུ་པའི་ཐོག་དཔལ་སྨད་དུ་ཐོན་སོང་། དཔལ་སྨད་ཀྱི་གསེག་མ་གླིང་ཀའི་ཡུལ་སྐོར་ཞབས་ཞུའི་ས་ཚུགས་སུ་རླངས་འཁོར་དང་ཡུལ་སྐོར་པ་མང་པོ་འཚང་འདུག །དཔལ་སྨད་དུ་ཐོན་དུས་ངོགས་གཉིས་སུ་པད་ཁ་མེ་ཏོག་གིས་ཁྱབ་ནས་གང་སར་སེར་ལམ་ལམ་གྱུར་འདུག །ལྷག་པར་དུ་མགར་ཐར་དགོན་པའི་གཡས་གཡོན་མདུན་རྒྱབ་ཚང་མ་ནི་སེར་ཐིང་ཐིང་དུ་གྱུར་ནས་ཡུལ་སྐོར་པ་ལ་ལས་རྟ་ཞོན་པ་དང་ལ་ལས་ཉམས་འགྱུར་སྣ་ཚོགས་ཕུད་ནས་འདྲ་པར་རྒྱག་པར་བྲེལ་བཞིན་འདུག །ཆག་ལང་གྲོང་པའི་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དཔལ་སྨད་ཀྱི་མི་སེར་ཚོས་ཡུལ་སྐོར་གྱི་ཡོང་འབབ་ལ་བརྟེན་ནས་འཚོ་བ་ཇེ་ལེགས་འགྲོ་བཞིན་ཡོད་ཟེར། ཉེ་བའི་ལོ་ཤས་རིང་ས་གནས་དེ་གར་མགྲོན་ཁང་བཙུགས་མཁན་དང་ཟས་ཁང་བཙུགས་མཁན། ཡུལ་དེའི་ཐོན་རྫས་བཙོང་མཁན་ཇེ་མང་བྱུང་བས་ན་ནིང་མགྲོན་ཁང་ཡག་ཤོས་ཚོས་ཡོང་འབབ་སྒོར་འབུམ་དྲུག་ཙམ་ཐོབ་པ་དང་། རྟ་གླ་གཏོང་མཁན་མི་རེས་ཀྱང་སྒོར་ཁྲི་གཅིག་གཉིས་རག་སོང་ཟེར། འདི་དག་ནི་འགྲིམ་འགྲུལ་སྟབས་བདེ་བྱུང་བའི་ཕན་འབྲས་ཡིན་པ་གདོན་མི་ཟའོ། །

མི་ལོ་ཉི་ཤུའི་སྔོན་ཙམ་ཞིག་ལ་ང་རང་ཐེངས་ཤིག་དཔལ་སྨད་བརྒྱུད་དུས་གྲོང་ནང་གི་གཞུང་ལམ་སྐྲུན་བཞིན་འདུག་པས་གྲོང་ནང་གི་གོར་འབུར་ཆ་མི་མཉམ་པའི་གཞུང་ལམ་ཐོག་རླངས་འཁོར་རྒྱུག་སྐབས་གནམ་འཕགས་ས་ཡར་དང་ཐལ་རྡུལ་དགུང་དུ་འཚུབ་བཞིན་འདུག །

རྗེས་སུ་ཁྲོན་བོད་གཞུང་ལམ་དང་རྫོང་དང་རྫོང་བར་གྱི་གཞུང་ལམ་ལ་སྣུམ་ལམ་ཐེངས་ཤས་བླུག་རུང་རླངས་འཁོར་ཆེན་པོ་དང་རླངས་འཁོར་ལྕི་མོ་མང་པོ་རྒྱུགས་པའི་རྐྱེན་གྱིས་ལོ་གསུམ་བཞིའི་ནང་ཡང་ལམ་གདན་འགྱུར་ཏེ་ཡང་ལས་བསྐྱར་ལས་མང་པོ་བྱས།

ད་དུང་དར་མདོའི་རྒྱུ་ལ་དང་། ལྷ་སྒང་གི་དྲིལ་པ་ལ། རྟའུ་ཡི་དམུ་རྗེ་ཉག་ག །དཀར་མཛེས་ཀྱི་ལ་རྩེ་ཁ། སྡེ་དགེའི་ལྷས་ནག་ལ་སོགས་ལ་མང་པོ་ཡོད་དེ། དེར་བརྒྱུད་ནས་རླངས་འཁོར་གྱེན་དུ་སྐྱོད་སྐབས་ཧ་ཅང་དལ་མོ་ཡིན་པས་ནམ་རྒྱུན་རྐུན་མ་རླངས་འཁོར་ཐོག་འབྱར་ནས་ཅ་ལག་རྐུ་བཞིན་ཡོད། ང་རང་ཐེངས་ཤིག་དར་མདོ་ནས་ཕ་ཡུལ་སྡེ་དགེ་རུ་ལོ་སར་སོང་བས་དཔལ་སྨད་དང་ལྷ་སྒང་བར་དུ་ལམ་ངོས་བསྐྱར་བཟོ་བྱེད་པ་དང་ཁེལ་འདུག །ལྷ་སྒང་སླེབས་དུས་མཚན་མོ་ཡང་ཁེལ་བས་ཕྱི་ཉིན་གྱི་ཆུ་ཚོད་གཉིས་པ་ཙམ་གཞི་ནས་རྟའུ་རུ་སླེབས་སོང་། ཟ་མ་ཟ་དུས་རླངས་འཁོར་ཐོག་བཞག་པའི་ལོ་སར་ཅ་ལག་ཚང་མ་བོར་ཚར་འདུག །

རྟའུ་ནི་དཀར་མཛེས་ཁུལ་གྱི་ས་ཁད་ཅུང་དམའ་ཞིང་། འགྲིམ་འགྲུལ་སྟབས་བདེ་བ། ཞིང་ལས་ཐོན་ཁུངས་ཕུན་ཚོགས་པོ་ཡོད་པའི་ས་ཆ་ཞིག་ཡིན་པས་སྔོན་ཆོད་ས་གནས་དེའི་ཁ་ལོ་པ་ཚོས་འགྲིམ་འགྲུལ་ལ་བརྟེན་ནས་ཕྱུག་པོ་ཆགས་མཁན་མང་ཞིང་། བོད་ཁང་སྤུས་ལེགས་ལས་སྔ་ཤོས་གྲས་ཀྱང་ཡིན་པས་རྟའུ་ཡི་བོད་ཁང་དེ་ཁྲོན་བོད་གཞུང་ལམ་ཐོག་སྐད་གྲགས་ཆེན་པོ་ཆགས་ནས་བོད་མིའི་སྡོད་ཁང་གི་བཤམས་སྟོན་ཁང་ཞེས་པའི་མཚན་སྙན་ཐོབ། རྫོང་མཁར་ཡང་རྒྱ་ཇེ་ཆེར་གྱུར་ནས་གྲོང་གསར་འཛུགས་སྐྲུན་བྱས་པས་རྨང་གཞིའི་འཛུགས་སྐྲུན་ཐད་འགྱུར་བ་ཆེན་མོ་བྱུང་འདུག

དེ་ནས་བྲག་འགོ་བརྒྱུད་སྐབས་སྔོན་ཆད་ས་སྟོང་ལུང་སྟོང་ཡིན་པའི་ས་ཆ་དེ་དག་དེང་སྐབས་གྲོང་སྡེ་ཆུང་ཆུང་དུ་གྱུར་འདུག །ཉིན་སྲིབ་གང་ལ་བལྟས་ཀྱང་བཀོད་ལེགས་ལ་མཛེས་ཆ་དོད་པའི་བང་ཁང་དག་ནི་རི་སུལ་དང་ལམ་འགྲམ་དུ་བརྗིད་པས་རྒྱང་རིང་གི་མགྲོན་པོའི་ཡིད་དབང་ཅིག་ཅར་འཕྲོག་ཏེ་ལམ་ཟུར་དུ་རླངས་འཁོར་བསྡད་ནས་འདྲ་པར་མི་རྒྱག་མཁན་ཕལ་ཆེར་མི་འདུག་ཟེར་ཆོག

སྔོན་ཆོད་ཕྱིར་ཕ་ཡུལ་དུ་འགྲོ་དུས་མང་ཕྱོགས་དཀར་མཛེས་ཁུལ་སྐྱེལ་འདྲེན་སྤྱི་གཉེར་ཁང་གི་འགྲུལ་བཞུད་རླངས་འཁོར་ནང་འགྲོ་བཞིན་ཡོད། དར་མདོ་ནས་བྲག་འགོ་རུ་ཞག་སྡོད་བྱས་ཏེ་ཕྱི་ཉིན་ཞོགས་པའི་ཆུ་ཚོད་ལྔ་ཙམ་ནས་འགྲོ་དགོས། དེ་དུས་བྲག་འགོ་ནས་དཀར་མཛེས་བར་ཏྲེ་ཏོར་དང་མཁར་གསར་མཚོ་འགྲམ་མ་གཏོགས་གྲོང་པ་དང་དུད་ཚང་ཧ་ཅང་ཉུང་། དཀར་མཛེས་སུ་སླེབས་དུས་རླངས་འཁོར་ལ་སྣུམ་རྒྱག་ཏེ་མི་ཚང་མ་རླངས་འཁོར་ལས་ཕྱིར་བབ་དགོས། མི་རྣམས་ཕན་ཚུན་ལྟ་རེས་བྱས་ན་གྱོན་པ་ཐལ་བས་གཡོག་པས་མིག་མ་གཏོགས་མཐོང་དཀའ་ཞིང་དགོད་བྲོ་བའི་རྣམ་པ་རེ་གྱུར་ཡོད། དགུན་ཁར་ལམ་བར་གྲང་ངར་ཆེ་བས་རླངས་འཁོར་ལས་ས་ལ་བབ་དུང་རྐང་པ་སྦྲིད་དེ་ཚོར་བ་མེད་པ་ལྟར་གྱུར་ཡོད།

ང་ཚོ་བཅའ་འདྲི་ཚོ་ཆུང་གིས་རྟའུ་ཡི་སྔོ་ཚལ་རྟེན་གཞི་ཞིག་ལ་བཅར་འདྲི་བྱས་རྗེས་ལམ་བར་འདྲ་པར་རྒྱག་ཞོར་དཀར་མཛེས་རྫོང་དུ་སྐྱོད།

དཀར་མཛེས་རྫོང་ནི་ཁམས་བྱང་ཕྱོགས་ཀྱི་རྫོང་ཆེ་ཤོས་དེ་ཡིན་པ་དང་ཚོང་གཉེར་རྒྱ་ཆེན་པོ་དར་སའི་རྫོང་ཞིག་ཀྱང་ཡིན། དེ་ལས་ཁྱད་ཆོས་ཆེ་བ་ནི་ལེ་དབར་བརྒྱ་ཡི་ནས་ཀྱི་རྟེན་གཞི་ཡོད་པས་ཞིང་ལས་ཀྱི་ཁྱད་ཆོས་དེ་བས་འབུར་དུ་ཐོན། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་ནང་དཀར་མཛེས་རྫོང་གི་རྨང་གཞིའི་འཛུགས་སྐྲུན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྫོང་མཁར་གྱི་རྒྱ་ཁྱོན་ཇེ་ཆེ་དང་བཟོ་བཀོད་ཇེ་ལེགས། ཁྱད་ཆོས་ཇེ་ཆེར་བྱུང་ཞིང་། ས་གནས་དེའི་དམར་དམག་རིག་གནས་དང་། གེ་སར་རིག་གནས། རྟ་རྒྱུག་རིག་གནས། གླུ་གཞས་རིག་གནས། ཞིང་ལས་རིག་གནས་སོགས་ཀྱིས་ཡུལ་སྐོར་ལྗོངས་རྒྱུ་ལ་གསོན་ཤུགས་བསྣན་ཡོད། ལྷག་པར་དུ་གེ་སར་གནམ་ཐང་བསྐྲུན་པ་དེས་དཀར་མཛེས་རྗོང་གི་འགྲིམ་འགྲུལ་ཐད་ཐོད་བརྒལ་ཆེན་པོ་ཞིག་བྱུང་ཞིང་། ད་དུང་ཉེ་འཁོར་གྱི་སྡེ་དགེ་དང་དཔལ་ཡུལ། ཉག་རོང་། བྲག་འགོ་སོགས་ལའང་འགྲིམ་འགྲུལ་སྟབས་བདེ་བསྐྲུན་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1