རླངས་འཁོར་བསྐོར་ནས་མི་ཚེའི་ལས་དབང་བསྒྱུར་བའི་ཁ་ལོ་བ་འགྱུར་རྡོར།

གསར་འགོད་པ། དཀོན་མཆོག་རྡོ་རྗེ་དང་རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 07-17


གངས་ལྗོངས་ཉི་གཞོན་གྱི་ཁྲོན་བོད་གཞུང་ལམ་བཅར་འདྲི་ཚོ་ཆུང་ཁྲོ་ལའི་ཕུག་ལམ་ཟུར་དུ་སླེབས་དུས་བོད་ལྭའི་སྟོད་གོས་དམར་སེར་གྱོན་ཞིང་རླངས་འཁོར་དམར་པོ་གཏོང་མཁན་གྱི་ཁམས་པའི་ཕོ་རྒོད་ཅིག་དང་ཐུག་བྱུང་།

ཁོང་ནི་ཁྲོ་ལ་ལ་རྩའི་འཁོར་ལོ་མདོ་རམ་ཁ་གྲོང་དུ་འཚར་ལོངས་བྱུང་ཞིང་། གྲོང་པ་དེའི་མི་སྒེར་གྱིས་རླངས་འཁོར་ཉོ་མཁན་ཐོག་མ་དང་ཁ་ལོ་བ་དང་པོ་དེ་ཡིན་ལ་རླངས་འཁོར་ལ་བརྟེན་ནས་རང་གི་འཚོ་བ་ཡར་རྒྱས་ཡོང་སྔ་ཤོས་ཀྱང་ཡིན། ཁོང་གི་མིང་ཆ་ཚང་ལ་འགྱུར་མེད་རྡོ་རྗེ་ཟེར་ཞིང་ཡུལ་དེའི་མི་ཚོས་དུས་རྒྱུན་འགྱུར་རྡོར་ཞེས་འབོད་བཞིན་ཡོད།

འཁོར་ལོ་མདོ་ནི་ཁྲོན་བོད་གཞུང་ལམ་གྱི་འགག་སྒོ་ཆེན་མོ་ཁྲོ་ལ་རི་བོའི་ཞོལ་དུ་ཆགས་ཤིང་། རྫོང་མཁར་དང་བར་ཐག་ལེ་དབར་༢༠ཙམ་ལས་མེད་པར་མ་ཟད་འགྱུར་རྡོའི་ཁྱིམ་དང་གཞུང་ལམ་བར་བར་ཐག་ཀྱང་སྨི་༡༠༠ཙམ་ལས་མེད་པས། ཁོ་རང་ཆུང་དུས་ནས་རླངས་འཁོར་ལ་བལྟས་ནས་ལག་ཆགས་པས་རླངས་འཁོར་དང་གཞུང་ལམ་ལ་དམིགས་བསལ་གྱི་དགའ་ཞེན་ཡོད་ཅིང་། ཐ་ན་རྩེད་མོ་རྩེ་སྐབས་དང་མཚན་མོའི་རྨི་ལམ་ལ་ཡང་རླངས་འཁོར་ཁ་ལོ་བ་བྱེད་ཚུལ་རྨིས་བཞིན་ཡོད།

ཁོ་རང་ནི་ཁྱིམ་ཚང་དེའི་མིང་སྲིང་དྲུག་ལས་བུ་ཆེ་བ་ཡིན་པ་དང་ཁྱིམ་ཚང་གི་ངལ་རྩོལ་མི་ལག་གཙོ་བོར་གྱུར་པས། ཆུང་དུས་སུ་ཡི་གེ་འདོན་རྒྱུའི་གོ་སྐབས་མ་རྙེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་འགོ་ཙམ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་པོའི་འོག །ཚང་མས་ཚོང་ལས་སོགས་ཀྱི་བྱ་བ་མང་པོར་འབད་དེ་ཁྱིམ་ཚང་གི་འཚོ་བ་ཇེ་རྒྱས་བྱུང་བའི་འགོ་ཚུགས། དུས་སྐབས་བཟང་པོ་དེ་དང་བསྟུན་ནས་འགྱུར་རྡོས་ཀྱང་ཁྱིམ་ཚང་གི་ཡོང་འབབ་ཇེ་བཟང་གཏོང་ཆེད། ཉེ་འབྲེལ་དང་ཁྱིམ་མཚེས་གྲོང་རོགས་ནས་སྒོར་༡༢༠༠༠གཡར་ནས་༡༩༨༤ལོར་བོད་ལྗོངས་ཆབ་མདོ་ནས་བཅིངས་འགྲོལ་རྟགས་ཅན་གྱི་དོས་ཁུར་རླངས་འཁོར་རྙིང་པ་ཞིག་ཉོས་ཏེ། ཕྱོགས་གཅིག་ནས་ཁ་ལོ་བའི་ལག་རྩལ་སྦྱོང་བ་དང་ཕྱོགས་གཅིག་ནས་རྫ་ཆུ་ཁ་དང་དཀར་མཛེས་སོགས་སུ་ཤིང་སོགས་ཆ་ལག་འདྲུད་ནས་གླ་བླངས། དེ་ནས་ལག་རྩལ་ཅུང་བྱང་ཆ་ཅན་དུ་གྱུར་ཏེ་ལྷ་ས་རུ་ཆོས་མཇལ་དང་ཚོང་རྒྱག་མཁན་ཁུར་ནས་ཐེངས་དྲུག་ཙམ་སོང་ནས་ཡོང་འབབ་ཀྱང་མི་དམན་པ་ཐོབ།

༡༩༨༨ལོར་རྫོང་ཚོང་ལས་རླངས་འཁོར་རུ་ཁག་ཏུ་ཞུགས་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ལོ་དྲུག་ཙམ་བཏང་བ་དང་། དེ་རྗེས་རྫོང་ནགས་ལས་ཅུས་དང་དཀར་མཛེས་ཁུལ་མི་དོན་ཅུས་སོགས་སུ་རླངས་འཁོར་ཆུང་ཆུང་གི་ཁ་ལོ་བ་བྱས་ནས་ལོ་བཞི་བཅུ་ལྷག་རིང་དུ་བསྡོམས་པས་ཁྲོན་བོད་གཞུང་ལམ་ཐོག་རླངས་འཁོར་ཆེ་ཆུང་འདྲ་མིན་ལེ་དབར་ཁྲི་༡༨༠ཙམ་བཏང་མྱངས་རུང་བདེ་འཇགས་ཀྱི་གནད་དོན་ཐེངས་གཅིག་ཀྱང་བུད་མ་མྱངས་པས་ཕུལ་བྱུང་གི་ཁ་ལོ་བར་གྱུར། དེ་དང་ཆབས་ཅིག་ཁོ་རང་གི་ལག་རྩལ་དེ་སྤུན་ཟླ་དང་ཉེ་འབྲེལ་སོགས་ལ་བསླབས་པས་ཁོའི་ཤུགས་རྐྱེན་འོག་སྤུན་ཟླ་གཉིས་ཀྱང་ལས་ཁུངས་ཀྱི་རླངས་འཁོར་ཁ་ལོ་བར་གྱུར་ཏེ་རང་ཁ་རང་གསོ་དང་ཁྱིམ་ཚང་ཕྱུག་པོ་འགྱུར་བའི་རོགས་སྐྱོར་བྱས།

འགྱུར་རྡོས་གསར་འགོད་པར་བཤད་རྒྱུར། ཁྲོན་བོད་གཞུང་ལམ་མེད་ན་བོད་ཡུལ་ལ་འགྱུར་ལྡོག་འདི་འདྲ་ཆེན་པོ་འབྱུང་ཐུབ་རྒྱུ་མ་རེད་ལ། གལ་ཏེ་ང་རང་རླངས་འཁོར་ཁ་ལོ་བ་ཞིག་ཏུ་གྱུར་མེད་ན་ང་དང་ངའི་ཁྱིམ་ཚང་གི་འཚོ་བའང་ཡར་རྒྱས་འདི་འདྲ་བྱུང་ཡོད་རྒྱུ་མ་རེད། ངས་ཡི་གེ་མི་ཤེས་རུང་རླངས་འཁོར་ཁ་ལོ་བ་བྱས་རྗེས་ལྟ་རྒྱ་དང་མཐོང་རྒྱ་ཇེ་ཆེར་གྱུར་སོང་།

འགྱུར་རྡོར་ནི་ཁྲོན་བོད་གཞུང་ལམ་དང་རླངས་འཁོར་ལ་བརྟེན་ནས་ཕྱུག་པོར་གྱུར་མཁན་བརྒྱ་བརྒྱ་སྟོང་སྟོང་ནང་གི་ཚབ་མཚོན་གྱི་མི་སྣ་ཞིག་ཡིན་ཞིང་། ཁོས་རླངས་འཁོར་བཏང་ནས་ཐོབ་པའི་ཡོང་སྒོ་ཡིས་རང་ཁ་རང་གསོ་ཐུབ་པར་མ་ཟད་ད་དུང་སྒོར་ཁྲི་༣༦༠ཙམ་བཏང་ནས་ཕ་ཡུལ་གྱི་ཁྱིམ་ཚང་ལ་སྨི་གྲུ་བཞི་མ་༡༢༠༠ཙམ་ཡོད་པའི་ཁང་པ་གསར་བསྐྲུན་བྱས་ཏེ་དམངས་སྲོལ་མགྲོན་ཁང་ཡང་བརྒྱབ་ཡོད།

འགྱུར་རྡོར་ནི་ཁྲོན་བོད་གཞུང་ལམ་ལྷ་སར་ཐོན་ནས་ལོ་བཅུ་འཁོར་སྐབས་སྐྱེས་ཤིང་། ཁོས་ལོ་དྲུག་ཅུའི་རིང་དུ་ཁྲོན་བོད་གཞུང་ལམ་གྱི་འགྱུར་ལྡོག་ལ་བདེན་དཔང་བྱེད་ཐུབ་པ་དང་། ལྷག་པར་དུ་ཁྲོ་ལ་རི་བོའི་གངས་ལམ་དང་འཁྱགས་ལམ། ས་ལམ་དང་སྣུམ་ལམ། ཕུག་ལམ་བཅས་ཀྱི་འགྱུར་ལྡོག་མིག་ཏུ་མཐོང་ཞིང་ཉམས་སུ་མྱངས་ཏེ། ཁྲོན་བོད་གཞུང་ལམ་གྱི་ལ་ཐུར་རེ་རེ་དང་། ཁྲོ་ལ་ལ་ཁའི་གོབ་འབུར་དང་གྱུ་ཁུག་རེ་རེ་ཁོའི་སེམས་སུ་ངེས་ཡོད།

རྟིང་མར་འགྱུར་རྡོས་ཁྲོ་ལའི་ཕུག་ལམ་དུ་མཛུབ་མོ་བཙུགས་ནས་བཤད་རྒྱུར། “སྔོན་དུ་ཕྱུག་པོ་འགྱུར་དགོས་ན་ཐོག་མར་ལམ་ལས་དགོས”ཟེར་བ་དེ་དངོས་གནས་རེད་འདུག །ད་ལྟ་ཁྲེང་ཏུའུ་ནས་སྡེ་དགེ་བར་སྣུམ་ལམ་ཡིན་པར་མ་ཟད་ལ་ཁ་ཚང་མར་ཕུག་ལམ་བཟོས་ཚར་བས་སྔ་མོའི་ཆུ་ཚོད་དྲུག་ཐོག་ཁྲེང་ཏུའུ་ནས་ཡོང་ན་ཕྱི་དྲོའི་ཆུ་ཚོད་དྲུག་ཐོག་རང་གི་ཕ་ཡུལ་དུ་ཐོན་ཐུབ་པ་འདི་ནི་རྨི་ལམ་དུ་རྨིས་མ་མྱོང་བའི་འགྱུར་ལྡོག་ཅིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1