༄༅།།སྲས་ལྷའུ་ལེགས་པས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 07-22


   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་ལེན་ལོང་བྱུང་ན་མི་དཀར་སྟེ། །

   ལེན་པའི་མགོ་བོ་དཀའ་མོ་གདའ། །

   ངག་འགུགས་ལོང་བྱུང་ན་མི་འཚེར་ཏེ། །

   འགུགས་པའི་རྟིང་པ་མི་འཁྱོང་དོ། །

   ཚིག་བཅད་ལོང་བྱུང་ན་མི་འགྱོད་དེ། །

   ཚིག་མཐའ་ཕུང་གི་རང་བཞིན་རེད། །

   འབུམ་པའི་རྒྱ་ཚ་ཞལ་དཀར་ལགས། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   ཕོ་རབ་འཁྱོགས་ན་སྦ་འཁྱོག་ཟེར། །

   ཉི་མས་དྲོས་ན་གར་སྲོང་རེད། །

   ཕོ་འབྲིང་འཁྱོགས་ན་རང་འཁྱོག་ཟེར། །

   ཚ་གྲང་འཛོམས་ན་ཅི་ཡང་རུང་། །

   ཕོ་མཐའ་འཁྱོགས་ན་རྡོ་འཁྱོག་ཟེར། །

   རྡོ་གོར་མོ་འཁྱོགས་ན་བཅོས་ཐབས་མེད། །

   དཔེ་དེ་དང་ཁྱད་པར་ག་ན་ཡོད། །

   མ་སྐལ་ཅིག་ལ་བསམ་བསམ་ན། །

   ཕ་རུས་ས་ལ་རྡེབ་ཉེན་གདའ། །

   སྔ་སོར་ལེགས་ཉེས་བལྟས་བལྟས་ནས། །

   ཕྱི་སོའི་རྟིང་པ་རྡོ་ལ་ཐུག །

   ཡང་དག་དོན་ལ་བསྒྲིལ་བ་ན། །

   ཞལ་དཀར་ལྕགས་སྲོག་ཐོབ་པ་མིན། །

   ལྷའུ་མར་ལ་གྲུབ་པ་མིན། །

   རྒྱ་བྱ་རླུང་ལ་བྱས་པ་མིན། །

   རྨ་བྱ་ཡན་པར་བཞག་པ་མིན། །

   སྲོག་དམར་སྦོམ་ཕྲ་དར་བ་མིན། །

   ཕོ་ལ་རྒོད་ཞན་སྲིད་པ་མིན། །

   ཁྲབ་དཀར་སྲབ་འཐུག་ག་ན་ཡོད། །

   རལ་གྲི་རྣོ་རྡུགས་ཅི་ལ་དར། །

   སྟག་དོང་མདའ་ལ་རིང་ཐུང་མེད། །

   གཟིག་ཤུབས་གཞུ་ལ་སྲ་སྙི་མེད། །

   ཨ་ཆེན་ཧོར་དང་མདོ་ཁམས་གླིང་། །

   གནམ་ས་ལྟ་བུའི་ཁྱད་པར་ཡོད། །

   གུར་དཀར་དཔོན་དང་གེ་སར་གཉིས། །

   མངའ་ཐང་བྱས་ཀྱང་གུར་དཀར་ཆེ། །

   བསོད་ནམས་བྱས་ཀྱང་གུར་དཀར་ཆེ། །

   ཁྲིམས་དང་ལས་ཀ་ཧོར་ལ་དར། །

   འདྲ་འདྲ་མི་ཚད་མཉམ་པ་མེད། །

   ཕྱི་ཐག་ཐུང་པས་ཇོ་རུ་ཐོགས། །

   བཀྲ་ལག་ཚ་བས་ནག་བཙོག་ཐོགས། །

   དགེ་སྡིག་མེད་པའི་མནའ་གཟན་བཏགས། །

   གེ་སར་ཟེར་བ་རང་འདོད་ཡིན། །

   སྐྱིད་སྡུག་མེད་པའི་རྒྱ་ཚ་ལ། །

   གླེན་པ་ལུག་གི་མགོ་བོ་ཐོགས། །

   ཞལ་དཀར་ཟེར་བ་ངོ་བསྟོད་ཡིན། །

   དེ་རིང་ཉི་མའི་དཀར་ལམ་ན། །

   ང་ཐར་པ་གཏིང་ནས་མ་ཐོབ་ཀྱང་། །

   ཤི་མདའ་མི་འཕེན་ཀ་མེད་ཡིན། །

   འགྱོད་བསམ་ལྷ་འུའི་ཡིད་ལ་མེད། །

   སྐེ་བྲེགས་འོ་མ་མིན་པ་མེད། །

   འཇིག་རྟེན་བོད་ཀྱི་ས་ཆ་ལ། །

   སྡར་མས་རྒོད་པོ་བརྟུལ་བ་མང་། །

   འཇམ་པོས་རྩུབ་མོ་བཅོམ་པ་མང་། །

   རི་བོང་སྐྱེ་ཚུལ་ཆུང་ན་ཡང་། །

   སེང་ཕྲུག་ཧ་ལ་འཕངས་པར་གྲགས། །

   དམར་མོའི་མེ་སྟག་ཆུང་ན་ཡང་། །

   ལྷ་རི་གཉན་པོ་བསྲེགས་པར་གྲགས། །

   ཞེའུ་ཁྱི་ལ་བརྙས་ན་ཡང་། །

   རྒོད་པོའི་ཉྭ་ཡུ་མཆོར་བ་ཡོད། །

   དེ་ཚོ་རྣ་བའི་བཅུད་ལ་ཞོག །

   ཧོར་སེར་ཐེའུ་རང་དཀར་ནག་གསུམ། །

   གཞུ་ཡར་མཆོག་འཚོས་ལ་མར་མཆོག་སྲུངས། །

   འཆང་ཁ་ཟུངས་ལ་མདའ་སྣེ་དྲོངས། །

   དཀར་པོ་སྐྱ་ལ་ཧོ་མ་ཡ། །

   གཉོམ་ཆུང་ལྷ་འུའི་དབུ་འཕང་བསྟོད། །

   བཙན་པོ་ཚོད་མེད་ས་ལ་རྡོབས། །

   ད་ཚོད་དབང་ཐང་རྫོགས་རན་ཡིན། །

   ད་ཚོད་རྣོ་ངར་རྡུགས་རན་ཡིན། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འབྲེལ་བ་ཞུ། །

   རྒྱ་ཚའི་ཐུགས་ལ་དེ་འདྲ་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1