པད་མའི་མཚོ་ནི་དར་མདོ་གྲོང་ཁྱེར་དཔའ་བསྲེག་རོང་ཡུལ་ཤོག་པད་མའི་མཚོ་གྲོང་ཚོའི་མངའ་ཁོངས་སུ་གནས་པ་དང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཞིག་རེད། དེ་གར་ཡུལ་སྐོར་ལམ་ཐག་རིང་བ་དང་ཡུལ་སྐོར་པ་མང་བ། ལྷག་པར་དུ་ཡུལ་སྐོར་མང་བའི་དུས་ཚིགས་སུ་སླེབས་སྐབས། ཁོར་ཡུག་བཅོས་སྐྱོང་བྱེད་དཀའ་བ་དང་། མང་ཚོགས་ལས་སྒྲུབ་སྐུལ་སློང་བྱེད་དཀའ་བ་སོགས་ཀྱི་གནད་དོན་གཞི་རིམ་བཅོས་སྐྱོང་གི་གཙོ་གནད་དུ་གྱུར་ཡོད།
དཔའ་བསྲེག་རོང་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་སྦྱིན་པ་ལེགས་ཚོགས་ནས་གསར་འགོད་པར་བཤད་དོན། ང་ཚོའི་གྲོང་ཚོ་ཧྲིལ་པོའི་ངལ་རྩོལ་ནུས་ཤུགས་མང་ཆེ་བ་ཕྱིར་ལས་ཞུགས་བྱེད་པར་འགྲོ་བའམ། ཡང་ན་རི་སྟེང་དུ་དབྱར་རྩྭ་དགུན་འབུ་རྐོ་བ་དང་བེ་ཤྭ་འཐུ་བར་ཐོན་པས། ཡུལ་སྐོར་མང་བའི་དུས་ཚིགས་སུ་སླེབས་སྐབས་གྲོང་ཚོའི་ཁོར་ཡུག་གཙང་བཟོ་བྱེད་མི་ཉུང་དུ་ཕྱིན་གྱིན་ཡོད། ང་ཚོས་དུས་ཡུན་རིང་པོའི་ནང་ཁོར་ཡུག་གཙང་བཟོ་བྱེད་ཐབས་ལ་བསམ་བློ་མང་པོ་བཏང་ཡང་ཕན་འབྲས་དོན་སྨིན་པ་ཐོན་མེད་ཅེས་བཤད་པར་མ་ཟད། གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། དུས་རྟག་ཏུ་སྐྱིལ་ཀྲུང་བྱེད་ནས་སྡོད་རྒྱུ་མིན་པར། གཞི་རིམ་ཏང་ཡོན་ལས་བྱེད་པའི་ཁྲིད་སྟོན་གྱི་ནུས་པ་ཇི་ལྟར་འདོན་སྤེལ་བྱ་དགོས། མི་སེར་གྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇི་ལྟར་མཐོ་རུ་གཏོང་དགོས་པའི་གནད་དོན་དེ་དག་ལ་བསམ་བློ་བཏང་སྟེ། ཡུལ་ཤོག་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ལས་བྱེད་པ་འགའ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད།
སྐབས་དེ་དུས་གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་སྐབས་སྟེས་དབང་དུ་གྲོང་ཚོའི་ནང་གི་ལོ་69ལ་སླེབས་པའི་བགྲེས་སོང་བསོད་ནམས་ཚེ་རིང་གིས་སྨྱུག་མ་སྤྱད་ནས་སློ་མ་སླེས་པ་མཐོང་། ཅི་འཕྲོས་མོས་འཕྲོས་བྱེད་སྐབས་གྲོང་མི་བསོད་ནམས་ཚེ་རིང་གིས་ང་ལ་བཤད་དོན། སློ་མ་དེ་དག་གིས་སྒོར་མོ་ཉུང་ཙམ་ལས་ཟིན་གྱི་མེད་པས་རང་གིས་སྤྱོད་རྒྱུ་ལས་ཐབས་གཞན་མེད་ཅེས་བཤད། ངས་སྐད་ཆ་ཉན་རྗེས། གློ་བུར་དུ་རིག་ཀློང་བརྡོལ་བ་ལྟར། གྲོང་ཚོས་སློ་མ་དེ་དག་ཉོས་ནས་ལེགས་ཆ་འདོན་སྤེལ་བྱེད་ཐུབ་ན་བགྲེས་སོང་ཚོའི་ལག་རྩལ་སྤྱོད་གོ་ཆོད་པར་མ་ཟད། ཁོར་ཡུག་བཅོས་སྐྱོང་གི་དཀའ་གནད་རང་བཞིན་གྱིས་ཐག་གཅོད་བྱེད་ཐུབ་ངེས་རེད་བསམ།
སྦྱིན་པ་ལེགས་ཚོགས་ཀྱིས་མུ་མཐུད་བཤད་དོན། ང་ཚོས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་སྨྱུག་སླེམ་98ཉོས་ནས་སྒར་རྒྱག་ས་དང་། ཡུལ་ལྗོངས་ལྟ་སྟེགས། རྐང་ཐང་འགྲོ་ས་སོགས་སུ་ཁ་ཐོར་དུ་བཀལ་ཏེ་གད་སྙིགས་བསྡུ་རུབ་བྱེད་གནས་བྱས་ཀྱང་། དང་ཐོག་དེའི་ནང་གད་སྙིགས་སྡུད་མཁན་མེད་པ། གཞོགས་འདེགས་བྱེད་མཁན་མེད་པ་རྐྱེན་ཀྱིས་དཀའ་ངལ་མང་པོ་འཕྲད། ང་ཚོས་དེ་ལ་བསམ་གཞིགས་བྱེད་ཀྱིན། འཚོགས་འདུ་འཚོགས་ནས་ཆ་བསགས་དངོས་བརྗེ་ལམ་ལུགས་བེད་སྤྱད་ན་གང་འདྲ་འདུག་ཅེས་ཚོགས་མི་རྣམས་ལ་བཤད་པས་ཚང་མས་དེར་མོས་མཐུན་བྱས་ཐོག །ཐུན་མོང་དཔལ་འབྱོར་ནང་ནས་མ་དངུལ་ཁག་གཅིག་བཏོན་ནས་གྲོང་མི་ཚོས་གད་སྙིགས་བསྒྲུགས་ཚེ་སྒོ་རྩིས་ཚོང་ཁང་དུ་འཚོ་བའི་མཁོ་ཆས་བརྗེ་རེས་བྱེད་ཆོག་པའི་བྱ་ཐབས་ལ་བརྟེན་ནས་གྲོང་མིའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་རྒྱུའི་ཐག་བཅད་པ་རེད།
སྨྱུག་སླེམ་ནང་གི་ཁོར་ཡུག་སྲུང་སྐྱོང་དང་ཆ་བསགས་དངོས་བརྗེ་ལམ་ལུགས་ཡོད་པ་ཙམ་གྱིས་མི་ཆོག་པར། ད་དུང་ཡུལ་ཤོག་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ལས་བྱེད་པའི་དཔེ་སྟོན་ནུས་པ་བེད་སྤྱད་ནས། ང་ཚོས་ཚོགས་ཆུང་ཁག་བགོས་ཀྱིས་པད་མའི་མཚོའི་མཛེས་ལྗོངས་ཁུལ་ལ་ཆེད་བསྐྱོད་བརྟག་དཔྱད་ཞིབ་འཇུག་ཐེངས་མང་བྱས་མཐར། མཛེས་ལྗོངས་ཁུལ་ཁུལ་ཆེན་པོ་3དང་། ཚན་པ་17། དྲ་བའི་ས་ཚིགས་20བཅས་སུ་དབྱེས་ནས། ཁུལ། ཚན་པ། ས་ཚིགས་བཅས་རིམ་པ་གསུམ་གྱི་དྲ་བའི་མ་ལག་བཙུགས་ཐོག ཤང་དང་གྲོང་ཚོ་གཉིས་ཀྱི་ཏང་ཡོན་29་ཆ་བགོས་གནས་སུ་བསྐྱོད་ནས་ཁོར་ཡུག་བཅོས་སྐྱོང་གི་ལས་ལ་ཧུར་ཐག་བྱེད་རྒྱུ་བྱས་ཅེས་བཤད།
དཔའ་བསྲེག་རོང་ཡུལ་ཤོག་གིས“པད་མའི་མཚོ་ནི་མི་སེར་གྱི་གསེར་རི་དངུལ་རི་ངོ་མ་དེ་ཡིན་པ་དང་མི་སེར་གྱི་ཡོང་འབབ་ཡོང་ཁུངས་ངོ་མ་དེ་ཡིན”ཞེས་པའི་འདུ་ཤེས་དེ་མི་སེར་ལ་དྲིལ་བསྒྲགས་བྱས་ནས་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་མཐོ་རུ་བཏང་སྟབས། གྲོང་མི་རྣམས་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་ཞུགས་ནས། ད་ཆ་པད་མའི་མཚོ་ཡི་མཛེས་ལྗོངས་ཁུལ་དུ་བསྐྱོད་སྐབས་རྒྱབ་ཏུ་སྨྱུག་སླེམ་ཁུར་ནས་གད་སྙིགས་སྒྲུག་པའི་གྲིབ་གཟུགས་མཐོང་ཐུབ་པར་མ་ཟད། རང་མོས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་སྨྱུག་སླེམ་བསླས་འཐག་བྱེད་པའི་མི་སེར་ཡང་མཐོང་ཐུབ། གྲོང་མི་རིག་འཛིན་རྡོ་རྗེས་གསར་འགོད་པར། ང་ཚོར་ཁོམ་པ་བྱུང་ཚེ་སླེ་མ་སླེ་ཡིན་ཡོད། སླེ་མ་དེ་ཆར་ཆུས་སྦོང་མི་ཐུབ་པས་སྐྱེལ་འདྲེན་བྱེད་བདེ་བ་དང་གད་སྙིགས་བླུག་སྣོད་ཡག་ཤོས་དེ་རེད་བཤད།
ད་ཆ་གད་སྙིགས་སྒྲུག་རྒྱུ་དེ་ས་གནས་དེ་གའི་གྲོང་མི་རྣམས་ཀྱི་ཆེས་སྤྱིར་བཏང་གི་བྱ་བ་ཞིག་ཏུ་གྱུར་ཡོད། རི་འདབས་ཀྱི་ཆ་བསགས་དངོས་བརྗེ་སྒོ་རྩིས་ཚོང་ཁང་དུ་གྲོང་མི་ཚོས་གྲལ་བསྒྲིགས་ནས་དགོད་ཞོར་དུ་དངོས་པོ་བརྗེ་བར་ཡོང་གི་ཡོད་པར་མ་ཟད། པད་མའི་མཚོ་བརྒྱུད་སྐབས་གད་སྙིགས་ཡོད་པ་མཐོང་ཚེ་ཁོང་ཚོས་རང་རྟོགས་ངང་སྡོང་མགོ་ཐོག་བཀལ་ཡོད་པའི་ཁོར་ཡུག་སྲུང་སྐྱོང་གི་སྨྱུག་སླེམ་བླངས་ནས་ལམ་རྒྱུད་ཀྱི་གད་སྙིགས་སྡུད་རུབ་བྱེད་ཀྱི་ཡོད།
གྲོང་མི་བློ་བཟང་རྒྱལ་མཚན་གྱིས་དེ་རིང་དབྱར་རྩ་དགུན་འབུ་བརྐོ་སྐབས་གད་སྙིགས་བསྒྲུགས་པས་མགྱོགས་ཐུག་གང་དང་ཁུ་ནག་དམ་བེ་གང་བརྗེས་རྒྱུ་བྱུང་། གལ་སྲིད་ང་ཚོས་གད་སྙིགས་སེམས་བཅངས་ཀྱིས་སྒྲུག་ཚེ་ང་ཚོའི་གྲོང་ཚོའི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུ་རེད། དེ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད་ཅེས་དགའ་སྤྲོའི་ངང་བཤད།
པད་མའི་མཚོའི་མཛེས་ལྗོངས་ཁུལ་གྱི་ལམ་རྒྱུད་དུ་བཀལ་ཡོད་པའི་ཁོར་ཡུག་སྲུང་སྐྱོང་གི་སྨྱུག་སླེམ་ཁག་གཅིག་གྲོང་མི་ཚོས་རང་མོས་ཀྱིས་བཟོས་པ་དང་ཁག་གཅིག་ཤང་གིས་ཉོས་པ་ཡིན་ཅིང་། སྨྱུག་སླེམ་དེ་དག་གིས་ཡུལ་སྐོར་པར་སྟབས་བདེ་བསྐྲུན་པ་དང་དུས་མཚུངས་སྣོད་བཅུད་དང་ཤེས་དཔལ་གཉིས་ཕན་ཡང་མངོན་འགྱུར་བྱུང་ཡོད་པ་རེད།
ཧུའུ་པེ་ནས་ཡོང་བའི་ཡུལ་སྐོར་པ་ཅང་ལགས་པད་མའི་མཚོ་རུ་ཐེངས་དང་པོར་ཡོང་སྐབས་ས་གནས་དེ་གའི་རང་བྱུང་ཡུལ་ལྗོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་པར་བྱེད་ཅིང་། ས་གནས་དེ་གའི་མི་རྣམས་ཀྱིས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་གསར་གཏོད་བྱེད་སྟངས་ལ་ཡང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བར་བྱེད། ང་ཚོ་ས་ཆ་མང་པོ། ཡུལ་ལྗོངས་མ་འདྲ་བ་མང་པོ་ཞིག་ལ་ཕྱིན་མོད། འོན་ཀྱང་ས་གནས་དེ་གའི་སྡོང་མགོ་དང་ཟམ་པའི་ཐོག་མིས་བསླས་འཐག་བྱས་པའི་སྨྱུག་མའི་སླེ་མ་དེ་རིགས་བཀལ་ཡོད་པ་མཐོང་དུས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཤེས་མ་འདྲ་ཞིག་འདུག་ཨང་སྙམ་པ་མ་ཚད། ང་ཚོས་ཀྱང་རང་འགུལ་གྱིས་གད་སྙིགས་སྨྱུག་སླེམ་ནང་བླུག་གི་ཡོད། ཅེས་བཤད།
སྨྱུག་སླེམ་ཆུང་ནའང་ཁོར་ཡུག་སྲུང་སྐྱོང་ལ་ནུས་པ་ཆེན་པོ་འདོན་སྤེལ་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་མཛེས་སྡུག་ལྡན་པའི་དར་མདོ་འཛུགས་སྐྲུན་ཁྲོད་དར་མདོ་གྲོང་ཁྱེར་གྱིས“རི་ལྗང་ཆུ་གཙང་ནི་གསེར་རི་དངུལ་རིའི”འདུ་ཤེས་ལག་ལེན་བསྟར་བ་དང་“ནུས་ཤུགས་ཡོད་རྒུས་སྣོད་བཅུད་ལེགས་སུ་གཏོང་བའི་དཔེ་མཚོན་ཅན་གྱི་དར་མདོ་འཚོལ་ཞིབ་བྱས་པས་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་པ་དང་། སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། །