མཚོ་བོད་ས་མཐོའི་དམིགས་ཚད་འདི་སྤྱི་ཡོངས་ནས་མངོན་འགྱུར་བྱུང་བ།

སྒྲིག་སྒྱུར། རྡོ་ཐར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-21


སྤྱི་ཟླ་8ཚེས་18ཉིན་ནས་ཚེས་19ཉིན་བར། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་བོད་ས་མཐོར་སྤྱི་ཡོངས་ནས་ཐཱན་བཏང་སྙོམས་མངོན་འགྱུར་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན། ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་ཡའོ་ཐན་ཏུང་གིས། ཐེངས་འདིའི་ཚན་རིག་རྟོག་ཞིབ་ལས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་འོག་མཚོ་བོད་ས་མཐོའི་ཐཱན་འདུས་ནུས་པ་དང་འགྱུར་ལྡོག་གི་ཁྱད་ཆོས་གསལ་པོ་ཤེས་རྟོགས་བྱུང་ཡོད་པས། མ་འོངས་པར་ཚན་རྩལ་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཐུབ་པ་མ་ཟད“ཐཱན་གཉིས”ཀྱི་དམིགས་ཚད་ལ་ཞབས་འདེགས་ཞུ་ཐུབ། ཚན་རིག་རྟོག་ཞིབ་རུ་ཁག་གིས་མཚོ་བོད་ས་མཐོའི་རླུང་ཁམས་ཆེན་མོའི་དྲོད་ཁང་རླངས་གཟུགས་ཀྱི་གར་ཚད་ཕྱོགས་མང་མཐུན་སྦྱོར་གྱི་ལངས་གཟུགས་ལྟ་ཞིབ་ཚད་ལེན་མ་ལག་དང་རླུང་ཁམས་ཆེན་མོའི་དྲོད་ཁང་རླངས་གཟུགས་ཀྱི་ས་ངོས་ལྟ་ཞིབ་ཚད་ལེན་དྲ་བ་བདེ་བླག་ངང་བསྐྲུན་པ་མ་ཟད། ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ། མཁའ་ལྡིང་རླངས་གྲུ་སོགས་སྟེགས་བུ་སྤྱད་དེ། རླུང་ཁམས་ཆེན་མོའི་དབྱང་གཉིས་ཐཱན་འགྱུར་དང་ཝོན་ཀ་པའི་གར་ཚད་ལ་དུས་ཡུན་རིང་ཞིང་ཟློས་ཕྱོད་ཆེ་བའི་ལྟ་ཞིབ་ཚད་ལེན་བྱས་པས། མཚོ་བོད་ས་མཐོའི་དཔེ་མཚོན་ལྡན་པའི་ས་དངོས་དང་གནམ་གཤིས་མི་འདྲ་བའི་འོག་གི་དབྱང་གཉིས་ཐཱན་འགྱུར་དང་ཝོན་ཀ་པའི་ས་ངོས་ཀྱི་གར་ཚད་དང་བར་སྣང་གི་གར་ཚད་སོགས་ཚད་ལེན་ཐུབ་ཡོད་པ་དང་། ཐཱན་གྱི་སྲུང་སྐར་ཐོན་རྫས་མཚོ་བོད་ས་མཐོར་སྤྱོད་པའི་ཞིབ་ཚད་མངོན་འགྱུར་དང་དེ་བཞིན་བཀོལ་སྤྱོད་ནུས་པ་ཐོན་ཡོད་ཅེས་བརྗོད་ཡོད།

ཁོང་གིས། མཚོ་བོད་ས་མཐོའི་འབྱུང་ཁམས་མ་ལག་གི་ཐཱན་འདུས་ཚད་ལོ་རེར་ཏུན་དུང་ཕྱུར་1.2ནས་1.4བར་ཡིན་པ་དང་། མིས་བཟོས་འབུད་ཚད་ལོ་རེར་ཏུན་ཁྲི་5500ཟིན་པ། ཐཱན་ལྷག་འཕྲོ་ལོ་རེར་ཏུན་ཁྲི་6500ཡན་ཟིན་གྱི་ཡོད། དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་མ་ལག་གི་ཐཱན་འདུས་ཚད་ལོ་རེར་ཏུན་ཁྲི་4800དང་། མིས་བཟོས་འབུད་ཚད་ལོ་རེར་ཏུན་ཁྲི་1150ཟིན་པ། ཐཱན་ལྷག་འཕྲོ་ལོ་རེར་ཏུན་ཁྲི་3650ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་འདུག

ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་ངོ་སྤྲོད་བྱས་པར་གཞིགས་ན། གནམ་གཤིས་དྲོ་རུ་འགྲོ་བ་དང་བརླན་གཤེར་ཆེ་རུ་འགྲོ་བའི་དབང་གིས་མཚོ་བོད་ས་མཐོའི་སྐྱེ་དངོས་སྔོ་ལྗང་ཅན་དུ་འགྱུར་བཞིན་ཡོད་པ་དང་། མ་འོངས་པར་འབྱུང་ཁམས་མ་ལག་ལ་ལྡེམ་ཤུགས་ལྡན་པའི་འཕྲོད་མཐུན་ནུས་པ་ལྡན་རྒྱུ་རེད། མཚོ་བོད་ས་མཐོའི་གནམ་གཤིས་དྲོ་བརླན་ཅན་དུ་འགྱུར་བ་དེས་རྒྱུན་མཐུད་ངང་ལྗང་འགྱུར་དང་འབྱུང་ཁམས་མ་ལག་གི་ཐཱན་འདུས་ཚད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་གྱིས་རྒྱུན་མཐུད་ངང་ལྗང་འགྱུར་དང་འབྱུང་ཁམས་མ་ལག་ཇེ་བཟང་དུ་འགྲོ་བར་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1