བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་བཞི་པ་ཁྲེང་ཏུའུ་རུ་འཚོག་མགོ་ཚུགས།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། སྤེལ་དུས། 08-22


སྤྱི་ཟླ་༨ཚེས་༢༡ཉིན་ལ་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་བཞི་པ་སི་ཁྲོན་ཁྲེང་ཏུའུ་རུ་འཚོག་མགོ་ཚུགས་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཁྲེན་ཙུང་རུང་དང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་རྨིན། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་དྲུང་ཡིག་ཁང་གི་འགན་འཛིན་བློ་མཐུན་སོགས་ཐེངས་འདིའི་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བཀྲ་ལོ་ཡིས་མགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་། པེ་ཅིན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཀྱི་མཐོ་རིམ་སློབ་ཆེན་དང་ཚན་ཞིབ་ལས་ཁུངས་སུམ་ཅུ་ལྷག་གི་རིག་གཞུང་ཆེད་མཁས་པ་དགུ་བཅུ་ལྷག་ཐེངས་འདིའི་གླེང་སྟེགས་སུ་ཞུགས་ཡོད། 

ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༥འཁོར་བའི་ལོ་ཡིན་ལ། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་༦༥འཁོར་བའི་ལོ་ཡང་རེད། ཐེངས་འདིའི་གླེང་སྟེགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཅིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་བཞིན། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན་དང་བོད་རིག་པའི་འཕེལ་རྒྱས་སྐོར་བརྗོད་དོན་དུ་བཟུང་ནས། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། དེ་བཞིན་ཀྲུང་གོའི་བོད་རིག་པའི་བྱ་གཞག་གི་འཕེལ་རྒྱས་གསར་པ་བཅས་ལ་དམིགས་ནས་དཔྱད་གླེང་ཟབ་མོ་གནང་བ་རེད།

བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་ནི་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཉེར་བའི་རྒྱལ་ཁབ་རིམ་པའི་བོད་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་གལ་ཆེན་ཞིག་རེད། ༢༠༡༠ལོར་ཐེངས་དང་པོར་སྤེལ་བ་ནས་བཟུང་། གླེང་སྟེགས་འདིར་ཞུགས་མཁན་གྱི་མི་གྲངས་དང་ཁྱབ་ཁོངས་ལོ་རེར་བཞིན་རྒྱ་ཇེ་ཆེར་འགྲོ་བ་དང་། སྤྱི་ཚོགས་ཡོངས་ཀྱི་གདེང་འཇོག་དང་ཁས་ལེན་ཐོབ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ལ། རིག་གཞུང་ཆུ་ཚད་མཐོ་བ་དང་། ལག་ལེན་གྱི་རིན་ཐང་ཆེ་བའི་གསར་གཏོད་གྲུབ་འབྲས་ཁག་ཅིག་བཏོན་ནས་སྤྱི་ཚོགས་ཀྱི་སྙན་གྲགས་ཆེ་རུ་ཕྱིན་པར་མ་ཟད། བོད་རིག་པའི་རིག་གཞུང་ཞིབ་འཇུག་གི་ལས་རིགས་ཁྲོད་ནས་རིག་གཞུང་ལྟ་བ་སྤེལ་རེས་དང་ཐབས་འདོན་ཇུས་འབུལ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1