ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། སྤེལ་དུས། 08-26


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་8ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་པར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ངེས་གནས་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ལག་བསྟར་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ནས་ས་ཁོངས་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཆེ་རུ་བཏང་ནས་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་སྐྱོད་དགོས། བྱེད་ནུས་ཀྱི་ངེས་གནས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་འཛུགས་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ་དང་། མཛེས་སྡུག་ལྡན་པའི་ནུབ་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཆ་ལག་ཚང་བའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་གཏིང་ཟབ་བཅས་བྱས་ཏེ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་འཛུགས་སྐྱོང་དང་ནུས་རྒྱུའི་ཐོན་ཁུངས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པར་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་མི་འབོར་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཆགས་པའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལས་འགན་ཞིབ་ཕྲ་བཟོ་བ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་ཏེ་ཕན་འབྲས་དོན་གཉེར་བྱེད་དགོས། ནུབ་རྒྱུད་ས་ཁུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་འབད་འབུངས་ཡར་བརྩོན་གྱིས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་ཀྱིས་བཀོད་སྒྲིག་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1