དང་པོ། ཇ་ཡི་འབྱུང་ཁུངས་སྤྱི་བཤད་པ།
མིའི་རིགས་ཀྱི་འཚོ་བ་ནི་ཇ་དང་ཁ་བྲལ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ཞིག་ཡོད་ཀྱང་། ཇ་ཡི་རིག་གནས་འདི་ནི་མི་སྣ་སུ་ཞིག་གིས་དུས་རབས་ནམ་ཞིག་ལ་གསར་གཏོད་བྱས་པའི་ལོ་རྒྱུས་ཤིག་མ་མཐོང་ལ། དེ་བཞིན་དམ་པ་གོང་མ་ཞིག་གིས་ཞིབ་འཇུག་བྱས་པའི་ཟིན་བྲིས་སོགས་ནི་མཐོང་དཀོན་པོ་ཞིག་ཡིན་པ་འདྲ། ཟས་སྐོམ་གྱི་འདུ་ཤེས་དེ་ནི་མིའི་རིགས་ཀྱི་འཚོ་བའི་ལོ་རྒྱུས་དང་འབྲེལ་ཏེ་དམའ་རིམ་ནས་མཐོ་རིམ་དུ་སྒོ་ཐེམ་བརྒལ་ནས་ཡོང་ཡོད་པ་དངོས་པོའི་ཆོས་ཉིད་ཡིན་མོད། སྐྱེ་དངོས་གང་ཞིག་གིས་ལུས་སྲོག་ལ་ཕན་མིན་བརྟགས་པའི་བློ་ཤེས་སྐྱེས་པ་ནས། མི་དང་སྐྱེ་དངོས་བར་ཐག་ཇེ་ཉེ་རུ་སོང་སྟེ། སྐྱེ་དངོས་ཀྱིས་མིའི་རིགས་ཀྱི་འཚོ་བའི་སྟོང་ཆ་ཁ་སྣོན་བྱས་པ་དང་། ཇ་ཡི་རིག་གནས་དེ་ལའང་གསོན་ཤུགས་གསར་བ་ཞིག་བསྣན་ཡོད་པ་རྒྱུན་ལྡན་རེད།
གཉིས་པ། ཇ་ཡི་ངོ་བོ་ངོས་བཟུང་བ།
ཇ་ཞེས་པ་ནི་འཐུང་དུ་རུང་བའི་སྐྱེ་དངོས་རིགས་རྣམས་སྐམ་ཆུའི་ནང་དུ་བཏབ་ནས། རོ་མངར་སྐྱུར་གྱི་བྲོ་བ་ལ་ལོངས་སུ་སྤྱོད་ཆོག་པ་དང་། ལུས་དང་ནད་ལ་ཕན་མིན་གཉིས་ནས་འཐུང་སྲོལ་ཡོད་པའི་བཏུང་ཆུའི་རིགས་ཤིག་ལ་ཟེར་བ་ཡིན། མི་རིགས་སོ་སོའི་གོམས་སྲོལ་དང་། མི་རང་རང་གི་དགའ་ཕྱོགས་མི་འདྲ་བས་བྲོ་བ་མི་འདྲ་བ། རིགས་མི་འདྲ་བའི་ཇ་ཡང་མང་པོ་ཡོད་པ་རེད། དཔེར་ན་མེ་ཏོག་གི་རིགས་ལ། རྒྱ་སའི་མེ་ཏོག་དང་། ཁ་ཆེ་གུར་གུམ། རྒྱ་ཇ་མེ་ཏོག་གཡང་འཛོམས་སོགས་དང་། ཤིང་གི་རིགས་ལ་སྨྱུག་མའི་ཇ། སྤོ་ཇ། ཇ་ཤིང་། འོ་སེ་སོགས་དང་། འབྲུ་ཡི་རིགས་ལ་བྲ་བོ་སོགས་མང་པོ་ཡོད་པ་རེད།
གསུམ་པ། བོད་ཇ་བཤད་པ།
བོད་ཇ་ཞེས་པ་བོད་ཡུལ་ནས་དར་བའི་ཇ་དང་། བོད་ཡུལ་དུ་བཀོལ་སྤྱོད་མང་བའི་ཇ་ཞེས་པའི་དོན་ཡིན་ལ། འོ་སེ་དང་། སུར་དཀར་སོགས་ཤིང་གི་ལོ་མའི་རིགས་དང་། ཨོ་རྒྱན་གཏེར་ཇ། གུར་གུམ། སྤང་རྒྱན་མེ་ཏོག་སོགས་རྩྭ་ལྡུམ་སྔོ་རིགས་ཀྱི་ཇའང་མང་པོ་ཡོད་པ་རེད། མདོར་བསྡུས་ན་ཤིང་རིགས་ཀྱི་ཇ་དང་། མེ་ཏོག་གི་ཇ། འབྲུ་ཡི་རིགས་ཀྱི་ཇ་ཞེས་ཇ་རིགས་མི་འདྲ་བ་གསུམ་དུ་དབྱེ་ན་ཆོག་ཚོད་འདུག དེ་མིན་ཁུར་མོང་གི་རྩ་བ་སོགས་ཀྱང་ཆུར་སྦངས་ནས་འཐུང་སྲོལ་ཡོད་ཀྱང་། ཡོངས་ཁྱབ་ཀྱི་བོད་ཇའི་ཇ་ཤིང་གི་ལོ་མ་དེ་ལ་ཟེར་གྱིན་ཡོད་པ་རེད། ཇ་དེའི་རིགས་ནི་སྔོན་མར་གཡག་རྔ་ནས་བོད་ཡུལ་གྱི་ས་ཆ་སོ་སོར་ནང་འདྲེན་བྱེད་སྲོལ་ཡོད་སྟབས། ཇ་རྟའི་ཚོང་ལམ་དང་། ཇ་རྟའི་གནའ་ལམ་ཞེས་པའི་ལམ་ཐིག་དེ་ནི་དུས་དེ་ནས་བཟུང་མིང་བཏགས་པ་ཞིག་རེད་འདུག ཡུན་ནན་ཏཱ་ལིའི་སྤོ་ཇ་དང་། གཡག་རྔའི་བོད་ཇ་ཞེས་པ་དེ་ནི་སྐབས་དེ་དུས་ཕྱི་འདྲེན་བྱེད་པའི་ཇ་རིགས་གལ་ཆེན་གཉིས་ཡིན་ལ། ཏཱ་ལི་ནས་འབར་མ་བརྒྱུད་ནས་རྒྱ་གར་ཕྱོགས་སུ་ཕྱིར་ཚོང་བྱེད་པའི་ལམ་ཕྱོགས་ཤིག་དང་། འཇང་ཡུལ་དང་། ཡུན་ནན་བདེ་ཆེན་བརྒྱུད་ནས་ལྷ་སར་འགྲོ་བའི་ལམ་ཕྱོགས་གཡས་གཡོན་གཉིས་ཡོད་པ་དེ་ནི། ད་ལྟ་ཡུན་ནན་ཕྱོགས་ཀྱི་ཡུལ་སྐོར་ལམ་ཐིག་གཙོ་བོ་གཉིས་དེ་རེད་འདུག ཏཱ་ལི་གནའ་གྲོང་དང་། འཇང་ཡུལ་གྱི་གནའ་གྲོང་། སེམས་ཀྱི་ཉི་ཟླའི་གནའ་གྲོང་སོགས་ནི་སྐབས་དེ་དུས་ཀྱི་ཇ་ཚོང་བྱེད་ཡུལ་དང་། ཚོང་ལམ་དེ་ནི་དེང་དུས་འཛམ་གླིང་རང་བཞིན་ཅན་གྱི་ཡུལ་སྐོར་ལམ་ཕྱོགས་གཙོ་གནད་གཉིས་གལ་ཆེན་དུ་འཛིན་ཡོད་པ་རེད། བོད་ཇའི་ཚོང་ལམ་ནི་གཡག་རྔ་ནས་དར་མདོ་དང་། དཀར་མཛེས། རྫ་ཆུ་ཁར་བརྒྱུད་དེ་ལྷ་སར་ཚོང་འདྲེན་བྱེད་པའི་ལམ་ཐིག་ཅིག་ཡོད་ཚོད་འདུག་ཀྱང་། ད་ལྟ་སུ་ཞིག་གིས་འདི་རེད་ཅེས་ཁ་ཚོད་བཅད་ནས་གཏན་འཁེལ་བྱེད་ཐུབ་མེད་པ་འདྲ།
བཞི་པ། བོད་ཇའི་དབྱེ་བ་བཤད་པ།
གོང་དུ་ཞུས་པ་ནང་བཞིན་ཇ་རིགས་ལ་དབྱེ་བ་མང་པོ་ཡོད་ཀྱང་། སྐབས་འདིར་བཤད་པ་ནི་བོད་ཇའམ་ཇ་ཤིང་བཤད་པའི་སྐབས་ཡིན་པས། ཇ་རིགས་གཞན་གྱི་ལས་སྣོན་རེ་ཞིག་འདིར་མི་བཤད་པར་བཞག ཇ་ཤིང་བཙོས་པའི་ཇ་ལ་གཙོ་བོ་རིགས་གཉིས་ཡོད་ཅིང་། གཅིག་ནི་ཇ་སྐམ་དང་། ཡང་ན་ཇ་རྒོད་ཅེས་འབོད་སྲོལ་ཡོད་པའི་ཇ་བག་ཆེ་ཆུང་ཅི་རིགས་ཡོད་པ་དེ་ཡིན་ལ། གཅིག་ཤོས་ནི་ཇ་བག་དེ་བཙོས་ནས་སྐམ་སོབ་ལེགས་པོར་བྱས་པའི་ཇ་བརྔོས་ཞེས་པ་དེ་གཉིས་ཡིན། དེ་མིན་སྲུབ་ཇ་འམ་དཀྲུགས་ཇ་དང་། འོ་ཇ། ཇ་ནག་སོགས་ཅི་རིགས་ཡོད་ཀྱང་། གོང་ནས་བཤད་པའི་ཇ་རིགས་གཉིས་པོའི་རོ་དང་བྲོ་བ། རང་བཞིན་དང་ཁ་དོག་མི་གཅིག་པ་ཙམ་ལས། བོད་ཇ་རང་ཡིན་པས་བསྐྱར་བཤད་བྱེད་པའི་དགོས་པ་ཅི། ཇ་འདི་ཕལ་ཆེར་བོད་རང་གི་ཡུལ་ལུང་ཁ་ཤས་ལས་མི་རིགས་གཞན་གྱིས་བེད་སྤྱོད་བྱེད་སྲོལ་ཡོད་པ་ཉུང་ཉུང་ཡིན་པ་འདྲ། དེ་བཞིན་བོད་ཡུལ་རོང་འབྲོག་གཉིས་ལའང་། རོང་པས་དཀྲུགས་ཇ་དང་། འབྲོག་པས་འོ་ཇ་འཐུང་སྲོལ་མང་ལ། ཇ་སྐོམ་དང་ཇ་བརྔོས་ལ་ཡང་འཚོ་བའི་གོམས་གཤིས་མི་འདྲ་སྟབས། བེད་སྤྱོད་བྱེད་སྟངས་མི་གཅིག་པའང་ཡོད་མི་སྲིད་པ་ཞིག་གལ་ལ་ཡིན།
ལྔ་པ། བོད་ཇ་ལས་བྱེད་ཀྱི་ཇ་ཤིང་ངོ་སྤྲོད།
ཇ་ཤིང་ནི་ཇ་ལས་བྱེད་ཀྱི་རྒྱུ་ཆ་གཙོ་བོ་དེ་ཡིན། བོད་ཁུལ་གྱི་ཡུལ་ལུང་མང་ཆེ་བ་ཞིག་ལ་ཇ་ཤིང་ཡོད་ཀྱང་། ཇ་ཤིང་ངོས་མི་ཟིན་སྟབས། ཁོ་བོས་ཇ་ཤིང་གི་སྐྱེ་དབྱིབས་དང་ངོ་བོ་སོགས་ངོ་སྤྲོད་རགས་རིམ་ཞིག་མི་བྱེད་ཐབས་མེད་རེད།
༡ ཇ་ཤིང་ནི་ལོ་མང་འདེབས་འཛུགས་བྱས་ནས་སྐྱེ་བའི་ཤིང་ཕྲན་རིགས་ཤིག་ཡིན་ལ། རྩ་བ་སྦོམ་ལ་ལོ་མ་ལྗང་སྨྱུག་མདོག་ཅན། ལོ་འདབ་སོག་ལེའི་ཁ་ཞིབ། དབྱར་དུས་མེ་ཏོག་དཀར་པོ་འདབ་མ་ལྔ་ཅན་སེ་བའི་མེ་ཏོག་འདྲ་བ་ཁ་ཟུམ་ནས་བཞད་པ། མཐོ་ཚད་སྨི་གཅིག་ནས་གསུམ་ཙམ་ཡོད་ཀྱང་། ཇ་བཟོའི་ལས་སྣོན་ལ་སྤྱོད་དགོས་པའི་རིགས་ནི་སྡོང་བོ་སྨི་གཅིག་མན་གྱི་ཇ་ཤིང་གཞོན་ནུའི་ལོ་མ་དབྱར་དཔྱིད་ཀྱི་ཞོགས་པར་ཉི་མ་མ་ཤར་བའི་སྔོན་དུ་བཏུས་ནས་གཙང་བཀྲུ་བྱས་ཏེ་སྤྱོད་དགོས།
༢ སྐྱེ་གནས། ཡུན་ནན་ཞིང་ཆེན་དང་། ཀོང་ཏུང་། ཀུའི་ཀྲའུ་བཅས་སུ་སྐྱེ་བ་མ་ཚད། སི་ཁྲོན་གྱི་གཡག་རྔ་ནི་ཇ་འདིའི་འབྱུང་ཡུལ་གཙོ་བོ་ཡིན། རང་ཁུལ་གྱི་བརྒྱད་ཟིལ་དང་ལྕགས་ཟམ་རྫོང་སོགས་སུ་འདེབས་འཛུགས་བྱས་ནས་སྐྱེས་ཡོད་པ་ཞིག་རེད།
དྲུག་པ། ཇ་ཤིང་བཏུས་ནས་ཇ་བཟོ་ཐབས།
༡ ཇ་ཤིང་བཏུས་ནས་ཇ་ལས་ཐབས་ལ། ཐོག་མར་བཙོ་བ་དང་། བར་དུ་སྙལ་ཐབས། ཐ་མར་བཙིར་ནས་སྐམ་གསེང་བྱེད་ཐབས་སོགས་ལས་སྣོན་གྱི་གོ་རིམ་ངེས་ཅན་ཞིག་སོང་རྗེས་གཞི་ནས་ཇ་ཞེས་འཐུང་རུང་བའི་ཐ་སྙད་དེ་འཇུག་གིན་ཡོད་པ་རེད། ལས་སྣོན་མ་བྱས་པའི་རིགས་ལ་ཇ་ཤིང་ཞེས་འབོད་ཀྱིན་ཡོད་རུང་། བཏུང་དུ་རུང་བའི་ཇ་དངོས་སུ་གྲུབ་ཡོད་པ་མ་རེད།