རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་གཞུང་ལས་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་14ཡིས་ཉེ་ཆར་མཉམ་འབྲེལ་ཐོག《བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར།》(གཤམ་དུ《མཛུབ་ཁྲིད་བསམ་འཆར།》ཞེས་བསྡུ་རྒྱུ།)ཁྱབ་བསྒྲགས་བྱས་པ་དང་། 《མཛུབ་ཁྲིད་བསམ་འཆར།》ནང་2030ལོའི་བར་གྲོང་གསེབ་ཀྱི་བདེ་ཐང་ཞབས་ཞུའི་ནུས་པ་ཆེས་ཆེར་མཐོ་རུ་བཏང་ནས་གྲོང་མིར་སྟབས་བདེའི་ངང་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐོབ་ཐུབ་པ་དང་། མི་སྒེར་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཁུར་པོ་ཐེག་ཐུབ་པ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་ཐུབ་པ། ནད་གཞི་ཚབས་ཆེན་གྱི་གནོད་འཚེ་དང་བདེ་ཐང་གི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ཚོད་འཛིན་ནུས་ལྡན་ཐུབ་པ། གྲོང་མིའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱས་ནས། 2035ལོར་སླེབས་སྐབས་བདེ་ཐང་གྲོང་གསེབ་བསྐྲུན་རྒྱུ་རེད།
《མཛུབ་ཁྲིད་བསམ་འཆར།》ནང་བསྟན་དོན། གྲོང་གསེབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་བཏང་ནས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཡོངས་སུ་ཀྲུང་ལུགས་སྨན་ཁང་འཛུགས་པ་དང་ཀྲུང་ལུགས་སྨན་པ་དཀའ་བཅུ་པ་བཀོད་སྒྲིག་ཐུབ་པ་བྱས་ཏེ། གྲོང་ཚོའི་འཕྲོད་བསྟེན་ཁང་80%ཡན་གྱིས་ཀྲུང་ལུགས་སྨན་བཅོས་ཞབས་ཞུ་མཁོ་འདོན་ཐུབ་པར་བྱེད་དགོས། རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཆེད་སྦྱོང་ཚན་ཁག་གི་ཞབས་ཞུའི་ནུས་པ་དང་། འཕྲལ་བཅོས་མྱུར་སྐྱོབ་ནུས་པ། གཞི་རིམ་གྱི་ཀྲུང་ལུགས་སྨན་བཅོས་ལ་འཚམ་པའི་ལག་རྩལ་ཁྱབ་སྤེལ་ནུས་པ་བཅས་ཆེ་རུ་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་ཡོངས་ཁྱབ་ཏུ་ཁྱིམ་ཚང་སྨན་པས་གན་རྒྱ་འཇོག་པའི་ཞབས་ཞུའི་ནང་དོན་དུ་འཇུག་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་གན་རྒྱ་འཇོག་མཁན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། །