དཀར་མཛེས་ཁུལ་ལྷོ་རྒྱུད་ཀྱི་རྫོང་ཁག་དྲུག་གི་བོད་ཡིག་དཔེ་རྙིང་སྲུང་སྐྱོང་བྱས་ཚུལ།

དོན་གྲུབ་ཕྲིན་ལས་ཀྱིས་བྲིས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 09-11


ཉེ་ཆར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་དཀར་མཛེས་ཁུལ་ཡིག་བསྒྱུར་ལྟེ་གནས་ཀྱིས་ལས་དོན་ཚོ་ཆུང་བཙུགས་ནས་དཀར་མཛེས་ཁུལ་ལྷོ་རྒྱུད་ཀྱི་རྫོང་ཁག་དྲུག་ལ་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་ལས་དོན་ཐད་ཞིབ་བཤེར་ལྟ་སྐུལ་ལས་དོན་སྤེལ་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། དཀར་མཛེས་ཁུལ་གྱི་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུར་ཤུགས་ཏན་ཏིག་རྒྱག་པ་དང་། དཀར་མཛེས་ཁུལ་གྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ལས་དོན་ཁྱོན་ཡོངས་ནས་མདུན་དུ་སྐུལ་བའི་ཆེད། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་གཙོ། དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་ལས་དོན་ཚོ་ཆུང་ཁྲིད་དེ་སྤྱི་ཟླ་8པའི་ཚེས་30ནས་9པའི་ཚེས་6ཉིན་བར་ཉག་ཆུ་རྫོང་གཙོས་པའི་དཀར་མཛེས་ཁུལ་ལྷོ་རྒྱུད་ཀྱི་རྫོང་ཁག་དྲུག་ཏུ་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་ཐད་ལ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བ་རེད།

ལས་དོན་ཚོ་ཆུང་གི་ཁོངས་མི་སྔ་རྗེས་སུ་ལི་ཐང་རྫོང་ལི་ཐང་དགོན་ཆེན་དང་། འབའ་ཐང་རྫོང་གི་ཆོས་སྡེ་དགོན། སྡེ་རོང་རྫོང་གི་ཨོཾ་བརྒྱ་དགོན། ཕྱག་ཕྲེང་རྫོང་གི་ལྷག་གཙང་དགོན། ཆོས་འཕེལ་གླིང་དགོན། འདབ་པ་རྫོང་གི་བྲག་ནགས་དགོན། རྫི་སྨད་ལྷ་ཁང་། ཉག་ཆུ་རྫོང་དགོན་གསར་དགོན་སོགས་སུ་བསྐྱོད་དེ། རྫོང་ཁག་སོ་སོའི་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་འགོ་ཁྲིད་ལས་དོན་གྱི་ཆེད་དོན་ལས་གྲྭའི་འགན་འཁུར་པ་དང་། ཡོངས་ཁྱབ་ཞིབ་བཤེར་པ། དགོན་སྡེའི་གྲྭ་བཙུན་བཅས་ལ་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་ཐད་ཁ་བརྡ་གླེང་མོལ་དང་། ཁུལ་རིམ་པའི་ཡོངས་ཁྱབ་ཞིབ་བཤེར་ཆེད་ལས་པས་རྫོང་རིམ་པའི་ཡོངས་ཁྱབ་ཞིབ་བཤེར་པ་དག་ལ་ཡུལ་དངོས་སུ་སྦྱོང་བརྡ་དང་མཛུབ་ཁྲིད་བྱས་ཏེ། ལས་དོན་ཁྲོད་གནས་པའི་གནས་ཚུལ་ཐད་ཀར་ཡུལ་དངོས་སུ་བསམ་འཆར་སྟོན་པ་དང་འབྲེལ་ཡོད་འགན་འཁུར་མི་སྣ་ལ་དག་ཐེར་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་བསྐུལ་པ་རེད།

ལྟ་ཞིབ་ལས་དོན་ཁྲོད་རྫོང་ཁ་ཤས་ཀྱི་ཆེད་དོན་གྲོན་དངུལ་དོན་ལ་འཁྱོལ་མེད་པ་དང་། མི་སྣ་བཀོད་སྒྲིག་ཆ་ཚང་མ་ཡིན་པ། ཆེད་ལས་མི་སྣ་མེད་པའི་གནད་དོན་སོགས་ཀྱི་དབང་གིས་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་ལས་དོན་རྗེས་ལུས་ཐེབས་པས་ཕྱོགས་ཡོངས་ནས་ལས་དོན་སྤེལ་ཐུབ་མེད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

གཞན་ཡང་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་བོད་ཡིག་དཔེ་རྙིང་ཉར་ཚགས་ཀྱི་ཆ་རྐྱེན་ཕལ་ཆེར་ཞན་སྟབས་དཔེ་རྙིང་ཁ་ཤས་ཚད་གཞི་མི་འདྲ་བའི་ཐོག་ནས་ཆག་བྲུག་ཐོར་སྐྱོན་བྱུང་བ་ཤེས་རྟོགས་ཀྱང་བྱུང་ཡོད། ལྷག་པར་དུ་ཉག་ཆུ་རྫོང་དགོན་གསར་དགོན་པའི་བོད་ཡིག་དཔེ་རྙིང་གི་སྲུང་སྐྱོང་འདུ་ཤེས་ཞན་པས་མ་ཚད་ཉར་ཚགས་ཀྱི་ཆ་རྐྱེན་ཞན་སྟབས། བོད་ཡིག་དཔེ་རྙིང་ཁག་གཅིག་ལ་ཉམས་ཆག་ཆེན་པོ་སོང་ཡོད་པས་བོད་ཡིག་དཔེ་རྙིང་སྲུང་སྐྱོང་ཐད་ཀྱི་ལས་དོན་ལ་དུས་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་པའི་གནས་སུ་སླེབས་ཡོད།

འགོ་གཙོ་འཇིགས་མེད་རྡོ་རྗེས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཡུལ་དུས་མང་པོར་རྫོང་ཁག་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་ལ། བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་། ཞིབ་འཇུག །ཉམས་གསོ། བེད་སྤྱོད་བཅས་བྱ་རྒྱུ་ནི་ཀྲུང་ཧྭའི་རིག་གནས་རྒྱུན་མཐུད་པ་དང་འབྲེལ་བ་གལ་ཆེན་ཡོད་པའི་ངོས་འཛིན་ཆེ་རུ་གཏང་དགོས་པ་དང་། དེ་ལ་རིགས་གཞུང་གི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་། རིག་གནས་ཀྱི་རིན་ཐང་ཆེན་པོ་ཡོད་པ་སོགས་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་གི་དགོས་ངེས་རང་བཞིན་དང་གལ་ཆེ་བའི་རང་བཞིན་ནན་བཤད་ཐེངས་མང་བྱས་པ་དང་ཆབས་ཅིག །ཡོངས་ཁྱབ་ཞིབ་བཤེར་བརྒྱུད་རིམ་ཁྲོད་དུ་ཕྱོགས་གཅིག་ནས་ཡོངས་ཁྱབ་ཞིབ་བཤེར་དང་ཕྱོགས་གཅིག་ནས་སྲུང་སྐྱོང་གི་རྩ་དོན་གཞིར་བཟུང་སྟེ། བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས་པ་དང་། དགོན་སྡེའི་དགེ་འདུན་པ་དང་ཡུལ་མི་དག་ལ་བོད་ཡིག་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་ཐེངས་མང་བྱས་ཏེ་བོད་ཡིག་དཔེ་རྙིང་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1