རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ཚོགས་འདུ་དང་2023ལོའི་བོད་སྐད་བརྡ་ཆད་གསར་པ་ཞུ་དག་གཏན་འབེབས་ཀྱི་ཚོགས་འདུ་ལྷ་ས་རུ་འཚོགས།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-12


རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡི་བྱ་བའི་འགན་ནུས་སྔར་བས་འདོན་སྤེལ་བྱ་ཆེད། སྤྱི་ཟླ་9པའི་ཚེས་7ཉིན་ནས་8ཉིན་བར་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ཚོགས་འདུ་དང་2023ལོའི་བོད་སྐད་བརྡ་ཆད་གསར་པ་ཞུ་དག་གཏན་འབེབས་ཀྱི་ཚོགས་འདུ་ལྷ་ས་རུ་འཚོགས། ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་ལས་དོན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་(རྩོམ་སྒྱུར་ཅུའུ)ཡིས་འགན་སྒྲུབ་བྱས་ཡོད། བོད་ལྗོངས་དང་བོད་འབྲེལ་བྱ་བའི་གཙོ་གནད་ཞིང་ཆེན་གྱི་དུས་ཡུན་རིང་པོར་བོད་སྐད་བརྡ་ཆད་ལས་དོན་སྒྲུབ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མི་དང་ཆེད་མཁས་པ་50ལྷག་ཚོགས་འདུར་ཞུགས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཆོས་དར། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་ཟླ་བ་ཚེ་རིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་ཝེ་ཆང་སོགས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ཧུའུ་ཧྲའོ་ཅེ་ཡིས་ཚོགས་འདུར་མགོ་འཛིན་གནང་བ་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་ལགས་ཀྱིས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ནི་མི་རིགས་སྐད་ཡིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བོད་སྐད་བརྡ་ཆད་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་བོད་སྐད་ཡིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པར་མ་ཟད། རང་རྒྱལ་གྱི་བོད་སྐད་ཡིག་གི་ཐ་སྙད་འགྲེལ་བཤད་དང་དེའི་ཤུགས་རྐྱེན་གཏོང་བ་དང་། ཁྱད་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྱབ་ཁོངས་དང་ཟབ་ཚད་ལ་འབྲེལ་བ་ཟབ་མོ་ཡོད། དེར་བརྟེན། ངེས་པར་དུ་མིག་སྔའི་གནས་བབ་དང་མ་འོངས་པའི་ལས་འགན་ལ་ངོས་འཛིན་ཡང་དག་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ཞབས་ཞུའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། དུས་རིམ་རྗེས་མར་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱིས་གོ་སྐབས་དམ་འཛིན་དང་། རང་འགུལ་གྱིས་འགྲན་སློང་དང་ལེན། ནན་ཏན་གྱིས་འགན་ནུས་ལག་བསྟར། འགན་འཁྲི་གསལ་བོ་བྱེད་པ། ཞབས་ཞུའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་དགོས་ཞེས་བསྟན།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཆོས་དར་ལགས་ཀྱིས་ཤིས་ཚིག་ཁྲོད་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ནི་མི་རིགས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ཡིན་པས། དོན་སྙིང་ཧ་ཅང་ཆེ་ལ་ཤུགས་རྐྱེན་གཏིང་ཟབ་མོ་ལྡན། ཚད་ལྡན་ཅན་གྱི་བོད་སྐད་བརྡ་ཆད་ནི་ལམ་སྟོན་སྒྲོན་མེ་འདྲ་བར་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་བོར་སྟོན་རྒྱུ་ཡིན་པར་མ་ཟད། ཡུན་རིང་གི་ལོ་རྒྱུས་དང་མཚར་སྡུག་གི་རིག་གནས་ཡང་དག་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ། བོད་སྐད་བརྡ་ཆད་གཅིག་གྱུར་དང་་ཚད་ལྡན་དུ་གཏོང་བ་ནི་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རྡོག་རྩ་གཅིག་སྒྲིལ་དང་། ཐུན་མོང་ཐོག་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པར་མ་ཟད། བོད་ཀྱི་དོན་ཆེན་བཞི་ལ་སྐུལ་འདེད་གཏོང་བ་དང་། ཡུན་རིང་བདེ་འཁོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན་པས་བོད་རང་སྐྱོང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་བོད་སྐད་བརྡ་ཆད་ཚད་ལྡན་ཅན་དུ་བསྒྱུར་བའི་ལས་དོན་ཐད་ནས་གྲུབ་འབྲས་གསར་པ་དང་རྒྱལ་ཁ་གསར་པ་ལོན་པར་མཉམ་དུ་འབད་བརྩོན་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཚོགས་འདུའི་རིང་ལ། ཚོགས་ཞུགས་ཨུ་ཡོན་རྣམས་ཀྱིས《རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་སྒྲིག་ཡིག)》དང《2023ལོའི་བོད་སྐད་བརྡ་ཆད་གསར་པ།》《བོད་སྐད་བརྡ་ཆད་གསར་པའི་བརྡ་སྤྲོད་རྩ་དོན།》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། (རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་སྒྲིག་ཡིག)ལྟར། ཡུལ་སྐད་ཀྱི་ཁྱབ་ཁོངས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས། བོད་ལྗོངས་དང་བོད་འབྲེལ་བྱ་བའི་གཙོ་གནད་ཞིང་ཆེན་གྱི་འབྲེལ་ཡོད་ཁུངས་ཀྱིས་མཚམས་སྦྱོར་ཞུས་པ་བརྒྱུད། སྐབས་ལྔ་པའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་མགོ་འཛིན་1དང་། མགོ་འཛིན་གཞོན་པ་7། ཨུ་ཡོན་14བདམས་ཐོན་བྱུང་བ་དང་། སྐབས་གསུམ་པའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པ་ལོ་ཙཱ་དང་ཞིབ་བཤེར་གཏན་འབེབས་ཨུ་ལྷན་གྱིས་བསྡོམས་པོས་ཆེད་མཁས་ཨུ་ཡོན་53བདམས་ཐོན་བྱུང་བ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1