སྐྱེ་ཁམས་ཞིབ་སློབ་ལས་མཛོད་དགེའི་ཐུན་མིན་མཛེས་ཉམས་མངོན།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 09-14


རང་བྱུང་ཁམས་ཀྱི་ངོ་མཚར་མཛེས་ཉམས་རོལ་ཆེད། ཉེ་ཆར། སི་ཁྲོན་མཛོད་དགེའི་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་གུང་གཞོན་ཚོགས་པ་མཛོད་དགེ་རྫོང་ཨུ་དང་མཉམ་འབྲེལ་སྒོས་མཛོད་དགེའི་བརླན་ས་འཚོལ་ཞིབ་ཡུལ་སྐོར་ཞེས་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་དང་། མཛོད་དགེ་རྫོང་སྟག་ཚ་སློབ་ཆུང་གི་སློབ་མ་30བྱེད་སྒོར་ཞུགས།

མཛོད་དགེ་བརླན་སའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིའི་ནང་མཛོད་དགེའི་བརླན་ས་འཚོལ་ཞིབ་ཀྱི་ཡུལ་སྐོར་དབྱར་སྒར་ཞེས་པའི་ཡིག་འབྲུ་དཀར་པོ་བཀོད་པའི་ལྭ་བ་གྱོན་པའི་གྲོགས་པོ་ཆུང་ཆུང་རྣམས་མི་ཚོགས་ཁྲོད་གསལ་པོར་མཐོང་ཐུབ། ཁོ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཆེད་མཁས་པའི་འགྲེལ་བཤད་ལ་ཉན་ནས་བརླན་སའི་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་ལ་ལྟ་ཞིབ་བྱས། རང་བྱུང་སློབ་ཐུན་དེར་བྱིས་པ་རྣམས་ལ་སྤྲོ་སྣང་གིས་ཁེངས། བྱེད་སྒོར་ད་དུང་PPTའགྲེམས་སྟོན་དང་བརླན་སའི་སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་ལ་ལྟ་ཞིབ་བྱས། རང་ཡུལ་གྱི་གཏམ་རྒྱུད་ལ་ཉན་པ་དང་རྩི་ཤིང་མཚོན་པར་ཉམས་ལེན་བྱས་པ་བརྒྱུད། བྱིས་པ་རྣམས་ལ་བརླན་སའི་སྲོག་ཆགས་དང་རྩི་ཤིང་གི་ཐུན་མིན་ཁྱད་ཆོས་ལེགས་པར་ངོམ།

མཛོད་དགེ་རྫོང་སྟག་ཚ་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་སློབ་མ་པད་མ་གཡང་འཛོམས་ཀྱིས་ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་ལ་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ངས་འདབ་ཆགས་སྙིང་རྗེ་པོ་མང་པོ་ཞིག་ངོ་ཤེས་སོང་། དཔེར་ན་བྱ་གག་མགོ་ལྗང་དང་ཆུ་སྐྱར་མགོ་སྨུག་སོགས་མང་པོ་འདུག །མཛོད་དགེ་ཡི་བརླན་ས་སྲུང་སྐྱོང་ལས་དོན་སྔར་བས་ཇེ་ལེགས་སུ་ཕྱིན་པ་མཐོང་ཐུབ། བྱིས་པ་མང་པོ་བྱེད་སྒོ་འདི་འདྲར་ཞུགས་ཐུབ་པའི་རེ་བ་ཡོད་ཅེས་བཤད།

མཛོད་དགེ་རྫོང་སྟག་ཚ་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ་བཞི་པའི་སློབ་མ་རྣམ་རྒྱལ་སྐྱིད་ཀྱིས་ཐེངས་འདིའི་དབྱར་སྐར་ལས་སྒོར་སྤྲོ་བས་ཁེངས་ཡོད། འདི་ཉིན་རྒྱུན་གྱི་སློབ་ཁྲིད་དང་མི་འདྲ་བར། ང་ཚོ་ཐོག་མར་མཚོ་ཁྲར་བསྐྱོད་དེ་མཛེས་ལྗོངས་ལ་མྱོང་རོལ་བྱས་པར་མ་ཟད། ད་དུང་སྲོག་ཆགས་ཆུང་ཆུང་མང་པོ་ཞིག་ལ་ལྟ་ཐུབ། དེའི་ནང་ནས་ང་རང་ཆེས་དགའ་ས་ནི་རྩི་ཤིང་མཚོན་པར་དེ་ཡིན། ང་ཚོས་རྩི་ཤིང་གི་རིགས་མང་པོ་ཞིག་བཙལ་ནས་ཚོན་བྱུག་རྗེས་ལྭ་བ་དཀར་པོའི་སྟེང་དུ་དཔར་བ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་སི་ཁྲོན་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་བོད་སྐད་གཉིས་ཀྱི་གྲོང་གསེབ་ཀྱི་སློབ་དེབ་རྩོམ་སྒྲིག་དང་ཁོར་ཡུག་སློབ་གསོའི་དཔེ་སྟོན་སློབ་གྲྭར་སྒོ་བྱང་བཀལ་ནས། བྱིས་པ་རྣམས་ལ་ཕ་ཡུལ་གྱི་རང་བྱུང་ཁོར་ཡུག་དང་སྲོལ་རྒྱུན་རིག་གནས་ཉམས་ལེན་གྱི་སྟེགས་བུ་བཏོད། དུས་མཚུངས་སུ་མི་རིགས་ཁག་གིས་ཚན་རིག་ཁྱབ་གདལ་སློབ་གསོའི་ཁྲོད་འབྲེལ་འདྲིས་དམ་ཟབ་དང་མཐུན་སྒྲིལ་བྱས་ཏེ། ཚན་རིག་ཁྱབ་གདལ་སློབ་གསོ་ཟབ་སྤེལ་ལ་སྐུལ་འདེད་བཏང་།

ཐེངས་འདིའི་མཛོད་དགེའི་བརླན་ས་འཚོལ་ཞིབ་ཡུལ་སྐོར་གྱི་ལས་སྒོར་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་སྟངས་བརྒྱུད། བྱིས་པ་རྣམས་ལ་རང་བྱུང་ཁམས་སུ་སྐྱོད་པའི་སྒོ་མོ་ཕྱེ་བར་མ་ཟད། ཁོ་ཚོར་འཚོལ་ཞིབ་ཁྲོད་སློབ་སྦྱོང་དང་སློབ་སྦྱོང་ཁྲོད་འཚར་ལོངས་ཡོང་བ་བྱས། མྱོང་རོལ་དང་དགའ་ཞེན་ཁྲོད་ཁོ་ཚོའི་རང་བྱུང་ཁམས་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་།

སི་ཁྲོན་མཛོད་དགེའི་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་སྲུང་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ཧན་ཅིན་ཧྥུང་གིས་རྗེས་ཕྱོགས་ང་ཚོས་ཁོར་ཡུག་སློབ་གསོའི་བྱེད་ཐབས་སྔར་བས་འཐུས་ཚང་དུ་བཏང་ནས་གྲོགས་པོ་ཆུང་ཆུང་དེ་བས་མང་བ་བྱེད་སྒོ་ཞུགས་ཐུབ་པར་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་གང་ལེགས་སྒྲོག་ནས་ཁོར་ཡུག་གཅེས་འཛིན་གྱི་ས་བོན་ཁོ་ཚོའི་སེམས་ལ་འཇགས་བཅུག་རྒྱུ་ཡིན་ཞེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1