ཆོས་དབྱིངས་སྐྱིད་ཀྱིས་མཚོ་སྔོན་དུ་ལུས་སྦྱོང་སྒར་ས་ཞིག་གཉེར་འདུག

ལྷ་སྟག་མཚོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-23


ཆོས་དབྱིངས་སྐྱིད་ཀྱིས“ད་བར་འདུར་རྒྱུག་སྦྱོང་བརྡར་བྱས་པའི་ཐབས་རྩལ་མཐའ་དག་ངས་ཁོང་ཚོར་སྦ་གསང་མེད་པར་བསླབ་ཀྱི་ཡིན།  སླད་ཕྱིན་ཁོང་ཚོར་གྲུབ་འབྲས་ཐོབ་ན། མཚོ་སྔོན་གྱི་གཟི་བརྗིད་ཅིག་ཡིན་ལ། ང་ཡང་ཧ་ཅང་དགའ་པོ་ཡོང་བ་འདུག”ཅེས་གསུངས། 

ཉིན་ཤས་གོང་། “ལུས་རྩལ་པ་ཨང་དང་པོ་དང་མཉམ་དུ་འགྲོགས་ནས། ཕུགས་བསམ་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆོས་དབྱིངས་སྐྱིད་ཀྱི་ལུས་རྩལ་པ་ཨང་དང་པོའི་སྦྱོང་བརྡར་སྒར་ས་དེ“གནམ་འོག་རྨ་ཆུ་ཁྲི་ཀར་དྭངས”ཞེས་བརྗོད་སྲོལ་ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སློབ་འགོ་ཚུགས་པ་དང་།  ཆོས་དབྱིངས་སྐྱིད་དང་ཁོང་གི་ཚོགས་པས་སློབ་མ་30ལྷག་ཙམ་ལ་རྩལ་ནུས་དང་ཟུངས་ནུས།   ལུས་སྦྱོང་ཁྲོད་ཀྱི་རྨས་སྐྱོན་སྔོན་འགོག  འཚོ་བཅུད་སོགས་ཀྱི་ཐད་ནས་སློབ་ཁྲིད་དང་སྦྱོང་བརྡར་བྱས་པ་རེད། 

ཆོས་དབྱིངས་སྐྱིད་ནི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པའི་ཀྲུང་གོའི་ལུས་རྩལ་ལས་རིགས་ཁྲོད་ཀྱི་བོད་རིགས་ཀྱི་ལུས་རྩལ་པ་ཐོག་མ་དེ་ཡིན། 2024ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ནི་ཆོས་དབྱིངས་སྐྱིད་ཨོ་རྩལ་འགྲན་རར་ཞུགས་ཐེངས་བཞི་པ་དེ་ཡིན་པ་རེད།  

ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཚར་ནས་མཚོ་སྔོན་ཞིང་ཆེན་དུ་ལོག་རྗེས། ཆོས་དབྱིངས་སྐྱིད་ཀྱིས་དུས་ཐུང་གི་ངལ་གསོ་ཅུང་ཟད་བསྐྱོན་ཞིང་། གཟུགས་གཞི་བདེ་རུ་ཕྱིན་རྗེས། ད་ཐེངས་ཀྱི་ལུས་རྩལ་པ་ཨང་དང་པོའི་སྦྱོང་བརྡར་སྒར་ས་དེའི་ནང་ཞུགས་པ་རེད། ཁོང་གིས“ད་ཐེངས་ཀྱི་སྦྱོང་བརྡར་སྒར་སའི་བྱེད་སྒོ་བརྒྱུད། ང་ཚོས་འདུར་རྒྱུག་འགྲན་བསྡུར་གྱི་འབྲེལ་ཡོད་ཤེས་བྱ་དང་ཐབས་རྩལ་ཁྱབ་གདལ་གཏོང་བ་དང་ཆབས་ཅིག  མཚོ་སྔོན་གྱི་ལུས་རྩལ་བྱ་གཞག་ལ་ནུས་པ་ཕྲན་བུ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1