གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
རྗེ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །
སྐྱབས་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །
བྱིན་རླབས་འཇའ་འོད་སྤུངས་སེ་སྤུང་། །
དངོས་གྲུབ་ཆར་འབེབས་ཤ་ར་ར། །
དཀར་པོ་དགྲ་ལྷའི་དབུ་འཕང་བསྟོད། །
ནག་པོའི་བདུད་དཔུང་ཆམ་ལ་ཕོབས། །
ས་འདིའི་ས་ངོ་མ་ཤེས་ན། །
ཧོར་གླིང་དཀར་ནག་ས་མཚམས་རེད། །
ང་དང་ང་ངོ་མ་ཤེས་ན། །
ཁྲ་དཀར་གནམ་རྫོང་ཕྱུག་མོ་ན། །
ལྡོང་སྨུག་པོའི་ཆུ་ཡི་མགོ་མ་ཡིན། །
དཔའ་སེང་ཕྲུག་འཁོར་བའི་གངས་རི་ཡིན། །
མགྱོགས་འདོ་བ་འཁོར་བའི་གཡང་ར་ཡིན། །
ལྷ་ཁྲབ་འབུམ་མེའི་འབྱུང་ཁུངས་ཡིན། །
ལྷ་མཚོན་ངར་མའི་བང་མཛོད་ཡིན། །
གླུ་ལེན་དཀར་པོའི་རྩ་བ་ཡིན། །
ངག་འགུགས་སྙན་པའི་ཐོག་མ་ཡིན། །
གནམ་བསྐོས་ལྷ་ཡི་བུ་རྒྱུད་ཡིན། །
ས་དབང་མཚར་བའི་ཕ་ཁུ་ཡིན། །
གླུ་འདི་གླུ་ངོ་མ་ཤེས་ན། །
ཁྲ་རྒན་པོའི་ཞི་འཇམ་རིང་མོ་ཟེར། །
ལུས་ཞི་འཇམ་རྒྱ་དར་དཀར་པོ་ཡིན། །
ངག་ཞི་འཇམ་ལྷ་ཡི་སྦྲང་ཆར་ཡིན། །
སེམས་ཞི་འཇམ་དངུལ་དཀར་མེ་ལོང་ཡིན། །
དེ་ནས་ཞི་འཇམ་གླུ་ལ་བླངས། །
གཞུང་རིང་བ་ཡར་རྒྱབ་གཙང་བོར་དཔེ། །
ཚེ་རིང་བ་གྲུབ་པའི་རྒྱལ་མོར་དཔེ། །
ངང་རིང་བ་ཁ་ཤའི་པགས་པར་དཔེ། །
དེ་ནས་རིང་མོ་གླུ་ལ་བླངས། །
ཨ་ཁུའི་ལྷ་དམག་དཀར་པོ་རྣམས། །
སྤྱིར་ཉོན་ཁྲི་རྒོད་དཔུང་བ་ཉོན། །
སྒེར་གསོན་ཚ་བོ་རྣམ་གསུམ་གསོན། །
གསོན་དང་གླུ་ལ་དོན་འབྲས་ཡོད། །
བདེན་ངེས་པ་ནོར་བུའི་གསུང་དེ་བདེན། །
མ་བཞིའི་དཔོན་པོ་ཁྲོ་ཐུང་འདི། །
གཞན་མ་ཀུན་དང་མི་འདྲ་དོ། །
ཆོས་འཕེན་གླིང་གི་སྲས་རྒྱུད་འདི། །
དྲུག་དཀར་གཡུ་ཡི་བརྒྱ་འཕྲེང་ལ། །
ཁྲོ་ཐུང་སྔོ་ལོའི་མར་གཤམ་འཐུད། །
ཆེ་རྒྱུད་གསེར་གྱི་མཆོད་རྟེན་ལ། །
ཕྱི་ཐུང་ར་གན་རང་མདོག་སྟོན། །
དཔའ་བརྟུལ་སྟག་གཟིག་ཐང་གང་ལ། །
ནང་ཐུར་དུར་ཁྲོད་ཝ་མོ་བརྒྱལ། །
བདེན་གཏམ་ཚིག་ལ་འབྲུ་གཅིག་མེད། །
གཞེས་ནིང་དཔྱིད་ཀ་ཟིན་སོ་ནས། །
ད་ལོའི་དབྱར་སྟོན་མ་ཤར་བར། །
རྟ་ངོ་རྔུལ་ཙམ་ཞིག་ག་ནས་བརྒྱུགས། །
མདའ་ཤ་གསོད་ཙམ་ཞིག་ག་ནས་འཕངས། །
གྲི་ཤུབས་ཁ་སྤར་ཙམ་ག་ནས་ཕུད། །
དེ་བསད་ཕ་རིའི་ལོགས་པ་ཞོག །
དེ་བྱས་ཕ་ཆོས་རླུང་ལ་འཕྱུར། །
མི་བསད་མཐེ་བོང་གཡས་པ་རྣམས། །
གཞུ་ཤུབས་གང་དོན་ཅི་འདྲ་རེད། །
འབུམ་ཤོག་ཧོར་གྱི་དཔུང་བ་ལ། །
མདའ་ཁྲག་རྨ་དོད་ཙམ་འཕངས་པ་མེད། །
གྲི་སོ་ཁ་ངོམ་ཙམ་གཡུག་རེ་མེད། །
ཕོ་དེ་བསད་སྟོན་རྒྱུ་ག་ན་ཡོད། །
བསད་ཟེར་བ་རྫུན་གཏམ་ཤ་སྟག་ཡིན། །
མ་ཉལ་རྨི་ལམ་ཟུར་ན་མེད། །
སྒང་པ་བོད་ཀྱི་ས་ཕྱོགས་ན། །
མེ་ཏོག་ཁྲ་ཆུང་ཚོམ་བུ་དེ། །
ཆར་དང་འགྲོགས་ནས་སྤང་ལ་འཁྲུངས། །
ཁང་བབས་དུས་བྱུང་ན་ལྟས་ངན་ཡིན། །
སྒོམ་ཆེན་འུག་པའི་གཤོག་སྒྲ་དེ། །
མུན་དང་འགྲོགས་ནས་བརྒྱ་སྡེ་འགྲིམ། །
ཉིན་ལ་བྱུང་ན་ལྟས་ངན་ཡིན། །
བར་སྣང་འཇའ་ཡི་རི་མོ་དེ། །
ཉིན་སྤྲིན་འཛོམ་ན་གུར་ཁྱིམ་འབུབ། །
དུས་མིན་བྱུང་ན་ལྟས་ངན་ཡིན། །
མ་བཞིའི་དཔོན་པོས་བསད་པ་དེ། །
ངོ་ཚ་མེད་པའི་སྟོང་གཏམ་ཡིན། །
མི་གཅིག་རྨས་ཀྱང་ལྟས་ངན་ཡིན། །
དེ་ནས་གླིང་དཀར་དཔའ་བརྟུལ་རྣམས། །
རོང་ཚ་ཁྲ་རྒན་བསམ་ཚུལ་ལ། །
ཧོར་དཀར་དམག་གི་སྣེ་མོ་ན། །
དཀར་པོ་དུང་ལ་བྱས་པའི་མི། །
རྔ་འཕྲུ་དཀར་པོ་དངུལ་ལ་དཔེ། །
ཐེའུ་རང་དཀར་པོའི་སྡོངས་གྲོགས་ཅན། །
དེ་ལུས་བསམ་པ་ཟུར་ན་གདའ། །
ཧོར་སེར་དམག་གི་སྣེ་མོ་ཅན། །
སེར་པོ་གསེར་ལ་བྱས་པའི་མི། །
རྔ་འཕྲུ་དམར་པོ་ཁྲག་ལ་བྱས། །
བར་ཐེལ་སྲོག་མཁར་བཅའ་བའི་རྟེན། །
མ་ཐུབ་བསམ་པ་ཟུར་ལ་གདའ། །
ཧོར་ནག་དུག་གི་ཁ་ཟུར་ན། །
ནག་པོ་མུན་ལ་བྱས་པའི་མི། །
རྔ་འཕྲུ་སྔོ་དཀར་ནམ་མཁའི་མདོག །
ཐེའུ་རང་ནག་པོའི་ཆོ་འཕྲུལ་ཅན། །
དེ་ཤོར་བསམ་པ་ཡིད་ལ་གདའ། །
དམག་སྣེ་ཁྲིད་ཀྱང་དེ་གསུམ་རེད། །
དམག་རྟིང་སྒྲིལ་ཀྱང་དེ་གསུམ་རེད། །
གླིང་རྒོད་གཡས་ལ་བཤར་བའི་དུས། །
མི་གསུམ་གཡོན་ལ་བྲོས་པ་འདྲ། །
དཔའ་བརྟུལ་གཡོན་ལ་མཆོང་བའི་དུས། །
ཁོ་གསུམ་གཡས་ལ་བྲོས་པ་འདྲ། །
ཞལ་དཀར་ཁྲ་ལ་དཔེ་བྱས་ན། །
ཁོ་གསུམ་བྱེའུ་འཕུར་བ་འདྲ། །
དར་འཕེན་གླག་ལ་དཔེ་བྱས་ན། །
མི་གསུམ་རི་བོང་གབ་པ་འདྲ། །
ཉི་འབུམ་སྟག་ལ་དཔེ་བྱས་ན། །
ཧོར་གསུམ་ཐོ་རུ་བྲོས་པ་འདྲ། །
འདན་རྒོད་ཆས་ན་རྔ་འཕྲུ་ཞུམ། །
དཔྲལ་བའི་དུར་ཕོར་བསྐུམས་པ་འདྲ། །
སེང་སྟག་བྱུང་ན་མགོ་འཕང་ཞུམ། །
ལུས་སྟོད་གཉའ་བ་བསྐུམས་པ་འདྲ། །
སྒ་སྡེ་བྱུང་ན་ལུས་པོ་བྲེལ། །
ཁོག་པའི་བླ་སྲོག་བསྐུམས་པ་འདྲ། །
སྡར་མ་འདི་གསུམ་མ་གཏོགས་པར། །
ཤོར་བསམ་ཡིད་ཀྱི་ཟུར་ན་མེད། །
དེ་རིང་ཉི་མ་ཕན་ཆད་ལ། །
འབྱོན་བཞུགས་ཅིང་དགོས་བསམ་བློ་ཐོངས། །
གླིང་ལ་བྱོན་ཀྱང་རྒྱལ་ཁ་ཡིན། །
ཧོར་རྗེས་འདེད་བྱས་ཀྱང་རྒྱལ་ཁ་ཡིན། །
ཅི་བྱས་གང་བདེ་རང་གི་ལག །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འབྲེལ་བ་ཞུ། །
ལྷ་དམག་དཀར་པོའི་ཐུགས་ལ་དེ་འདྲ་ཞོག །