མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-10


རྒྱལ་སྟོན་རིང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ཡག་པོ་བསྒྲུབས་ནས་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་བརྟན་པོ་བསྐྲུན་ཆེད། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་ལས་རེས་མི་སྣས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ཡུལ་སྐོར་བ་དང་རྟ་ཞོན་ས་སོགས་སྒེར་གཉེར་ཚོང་ཁང་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཤེས་བྱ་དང་བཀའ་རྒྱ་དྲིལ་བསྒྲགས་བྱས།

དེ་ཡང་། ཡུལ་སྐོར་བ་མང་བའི་རྟ་ཞོན་པའི་ས་ཚིགས་ཀྱི་སྒེར་གཉེར་ཚོང་ཁང་དྲིལ་བསྒྲགས་བྱ་ཡུལ་གཙོ་བོར་བརྩིས་ནས་དྲིལ་བསྒྲགས་ལས་དོན་ལེགས་པོ་སྤེལ་བར་འགན་ལེན་བྱས།

ཡུལ་སྐོར་བ་དང་སྒེར་གཉེར་ཚོང་ཁང་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྒྲོག་དེབ་དང་མེ་ཟོན་བཀའ་རྒྱའི་བསྒྲགས་ཡིག་བཀྲམ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནོད་འཚེ་དང་སྔོན་འགོག་བྱ་ཐབས། འཕྲལ་སྡོམ་ཐག་གཅོད་བྱ་ཐབས་བཅས་ངོ་སྤྲོད་བྱས། ལས་རེས་མི་སྣས་མཛེས་ལྗོངས་ཁུལ་གྱི་སྒོ་དང་རྟ་ཞོན་ས་སོགས་མི་སྣ་འདུ་འཛོམས་ཆེ་སར་ངང་རྒྱུད་རིང་པོས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ་གལ་ཆེའི་རང་བཞིན་ནན་བཤད་བྱས། དྲིལ་བསྒྲགས་སྦྱར་ཡིག་བཀལ་ནས་ཚང་མས་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ལས་རེས་མི་སྣས་འབད་བརྩོན་བྱས་པ་བརྒྱུད་ཡུལ་སྐོར་བ་དང་སྒེར་གཉེར་ཚོང་ཁང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཤེས་བྱ་བློ་ལ་ངེས་ནས་མེ་འགོག་མེ་གསོད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན། ཁོ་ཚོས་མེ་འགོག་བཀའ་རྒྱར་བརྩི་སྲུང་ནན་པོ་ཞུས་ནས་མཛེས་སྡུག་ལྡན་པའི་ནགས་ཚལ་དང་རྩྭ་ཐང་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1