༄༅།།ཀྲུང་གོའི་སྲོལ་རྒྱུན་དུས་ཆེན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དར་བ། སྤེལ་དུས། 10-11


ཟླ་མཆོད་དུས་ཆེན། མིང་གཞན་ལ་སྟོན་དཀྱིལ་དུས་ཆེན་དང་ཟླ་བ་བརྒྱད་པའི་དུས་ཆེན། སྟོན་གྱི་དུས་ཆེན། ཟླ་བརྒྱད་པའི་ལྷན་འཛོམས་དུས་ཆེན། ཟླ་བར་སྙེགས་པའི་དུས་དང་། ཟླ་བར་རྩེ་བའི་དུས། བུ་མོའི་དུས་ཆེན་ནམ་ལྷན་འཛོམས་དུས་ཆེན་སོགས་མིང་གི་རྣམ་གྲངས་མང་པོ་ཡོད་ལ། དེ་དག་རེ་རེར་ཡང་རིག་གནས་དང་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་ཕུན་སུམ་ཚོགས་པོ་ཡོད།

དུས་ཆེན་འདི་ནི་སྤྱིར་བཏང་སྟོན་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ལ་གཏོང་མོད། འོན་ཀྱང་སྟོན་ཟླ་གསུམ་གྱི་དཀྱིལ་ལ་འཁེལ་དགོས་པས་ས་གནས་ཁ་ཤས་སུ་བརྒྱད་པའི་བཅུ་དྲུག་ཉིན་ལ་དུས་ཆེན་དེར་རོལ་བའང་ཡོད། སྟོན་དཀྱིལ་དུས་ཆེན་ནི་ཀྲུང་གོའི་གནའ་སྲོལ་དུས་ཆེན་ཞིག་སྟེ། ཀྲུང་གོའི་མངའ་ཁོངས་དང་། ཕལ་ཆེར་འཛམ་གླིང་གི་ཡུལ་གྲུ་གང་སར་དུས་ཆེན་འདི་རོལ་བཞིན་ཡོད། འོན་ཀྱང་དེ་ནི་ཀྲུང་གོ་བ་དང་ཀྲུང་གོའི་རིག་གནས་ཁྱབ་ཁོངས་ཀྱི་མི་ལས་འཛམ་གླིང་གི་མི་ཡོངས་རྫོགས་ནས་དུས་ཆེན་དེ་གཏོང་སྲོལ་ཡོད་པ་ཞིག་མིན། དུས་ཆེན་འདི་ནི་གནའ་བོའི་ཐང་རྒྱལ་རབས་ཀྱི་དུས་འགོ་ནས་བྱུང་ཞིང་ཐང་རྒྱལ་རབས་དར་བའི་དུས་དང་རིམ་བཞིན་སུང་རྒྱལ་རབས་ལ་སོགས་པའི་དུས་སུ་རྒྱུན་ཆགས་པ་བྱུང་། དེ་ནས་མེན་དང་ཆིན་རྒྱལ་རབས་ཀྱི་དུས་སུ་སྟོན་དཀྱིལ་དུས་ཆེན་འདི་ཉིད་ཀྲུང་གོའི་དུས་ཆེན་ཁྱད་པར་བ་དཔྱིད་གསར་དུས་ཆེན་དང་གྲལ་མཉམ་པའི་གོ་གནས་ཐོབ། ད་ལྟ་ཀྲུང་གོའི་བག་ཆགས་ཐེབས་པའི་ཡ་གླིང་དབུས་རྒྱུད་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་ཀྱང་དུས་ཆེན་འདི་ཉིད་གཏོང་སྲོལ་ཡོད་ལ། རང་རྒྱལ་གྱིས་སྤྱི་ལོ་2008ལོ་ནས་བཟུང་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་གཏན་ལ་འཁེལ་བའི་སྲོལ་རྒྱུན་གྱི་དུས་ཆེན་ཆེ་གྲས་བཞིའི་གྲས་སུ་བཅུག་པ་དང་། སྤྱི་ལོ་2006ལོའི་ཟླ་5པའི་ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་ཆེན་འདི་ཉིད་མངོན་མིན་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་གྲས་སུ་བཞག །གནའ་ནས་བཟུང་ཟླ་མཆོད་དུས་ཆེན་ལ་སྟོན་དཀྱིལ་དུས་ཆེན་དང་ཟླ་འོད་ལ་རོལ་བ། ཟླ་བར་ཕྱག་འཚལ་བ། ཟླ་མཆོད་བག་ལེབ་ཟ་བ། ཀུའེ་ཧྭ་མེ་ཏོག་གམ་མེ་ཏོག་དྲི་ལྡན་ལ་རོལ་ཅིང་མེ་ཏོག་དེས་བསྙལ་བའི་ཆང་འཐུང་བ་སོགས་ཀྱི་སྲོལ་ཡོད་པ་རྣམས་ད་ལྟའི་བར་གྲ་མ་ཆག་གྲུ་མ་ཉམས་པར་དར་ཡོད།

རྗེས་སུ་ཀྲུའུ་ཡོན་ཀྲང་གིས་ཟླ་མཆོད་བག་ལེབ་ནང་དུ་གསང་བརྡ་བཅུག་སྟེ་དམག་མི་རྣམས་ཕན་ཚུན་འདུ་རུབ་ཀྱིས་སོག་པོར་རྒོལ་བའི་གཏམ་རྒྱུད་བྱུང་བས་ད་ལྟ་མི་མང་པོ་ཞིག་གིས་ཟླ་མཆོད་བག་ལེབ་བམ་དུས་ཆེན་དེ་ཡོན་གྱི་དུས་སུ་གསར་དུ་བྱུང་བར་འདོད་པའང་ཡོད་མོད། དེ་ནི་རིག་གནས་ཀྱི་རྒྱབ་ལྗོངས་ཆ་ཚང་ལ་བརྒྱུས་མངའ་མེད་པའི་རང་རྟགས་ཡིན། སྟོན་དཀྱིལ་དུས་ཆེན་ནམ་ཟླ་མཆོད་དུས་ཆེན་ནི་ཟླ་བ་ཉ་གང་ཞིང་ཁྱིམ་མི་ལྷན་དུ་འཛོམས་པའི་དུས་ཆེན་ཞིག་ཡིན་ལ། ཕ་ཡུལ་དང་བྲལ་བ་དག་གིས་ཕ་ཡུལ་དང་གཉེན་ཉེ་མཛའ་མོ་སོགས་དྲན་པའི་དུས་ཚིགས་ཤིག་ཏུའང་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་དུ་སྟོན་འབྲས་ལེགས་ཤིང་བཀྲ་ཤིས་པ་དང་བདེ་སྐྱིད་བསོད་ནམས་ཕུན་སུམ་ཚོགས་པའི་དུས་བཟང་ཞིག་ཀྱང་ཡིན། སྟོན་དཀྱིལ་དུས་ཆེན་དང་ལོ་གསར་དུས་ཆེན། དྭངས་གསལ་དུས་ཆེན། ལྔ་བའི་ཚེས་ལྔའི་དུས་ཆེན་བཅས་ནི་ཀྲུང་གོའི་གྲགས་ཅན་གྱི་སྲོལ་རྒྱུན་དུས་ཆེན་བཞི་རུ་གྲགས་སོ། །

ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཏེ་ཟླ་མཆོད་དུས་ཆེན་སྐབས་སུ། འཛམ་གླིང་ཐོག་རྒྱལ་ཁབ་གཞན་དག་ཁག་ཅིག་གིས་ཀྱང་ཀྲུང་གོ་དང་མཉམ་དུ་བཅོ་ལྔའི་ཟླ་བའི་འོག་ཏུ་དུས་ཆེན་ལ་རོལ་བཞིན་ཡོད་དེ། དཔེར་མཚོན་འགའ་རེ་དྲངས་ན།

འཇར་པན། འཇར་པན་གྱི་ཝན་ཧྲེང་དུས་ཆེན།

“ཟླ་འོད་འོག་གི་རྐུན་པོ”(月见小偷)ནི་འཇར་པན་གྱི་ཁྱད་ཆོས་མངོན་གསལ་དོད་པའི་བརྒྱད་པའི་བཅོ་ལྔར་དུང་ཟླ་གོར་མོར་རོལ་སྟངས་ཤིག་ཡིན་ཏེ། བརྒྱད་པའི་བཅོ་ལྔའི་དགོང་མོར་བྱིས་པ་ཚོས་ཟླ་མཆོད་ཀྱི་མཆོད་རྫས་བརྐུས་ནས་ཟ་བཞིན་ཡོད་ལ། གོ་ཐོས་ལྟར་ན། ཟླ་མཆོད་ཀྱི་མཆོད་རྫས་རྐུ་ལ་ཤོར་བ་ནི་ཧ་ཅང་བཀྲ་ཤིས་པ་ཞིག་སྟེ། ཞིང་དུད་ལ་ལོ་ལེགས་འབྱུང་བའི་སྔ་ལྟས་ཡིན། མ་ཟད། བྱིས་པ་ཚོ་ནི་ཟླ་བའི་སྟེང་ནས་ཡོང་བའི་ཕོ་ཉ་ཡིན་པར་བརྗོད་པས། ཁོང་ཚོར་ཟླ་མཆོད་ཀྱི་མཆོད་རྫས་རྐུ་རུ་འཇུག་གི་ཡོད། མཆོད་རྫས་བརྐུས་ནས་ཟ་མཁན་བྱིས་པ་ཚོ་རྗེས་སུ་འབྱོར་ཕྱུག་ལྡན་པར་གྱུར་པ་དང་། གལ་སྲིད་བསྟུད་མར་དུད་ཚང་བདུན་གྱི་མཆོད་རྫས་བརྐུས་ནས་ཟ་ཐུབ་ན་ཧ་ཅང་ཡག་པོར་བརྩི་བཞིན་ཡོད།

ཝེ་ཐེ་ནམ། བྱིས་པའི་དུས་ཆེན།

ཝེ་ཐེ་ནམ་གྱི་ཟླ་མཆོད་དུས་ཆེན་ནི་བྱིས་པའི་དུས་ཆེན་ཞིག་རེད། དེ་ནི་ཝེ་ཐེ་ནམ་དུ་ཟླ་མཆོད་དུས་ཆེན་མ་ཐོན་གོང་། ཕ་མ་ཚང་མ་ཞིང་ལས་ལ་བྲེལ་ནས་བུ་ཕྲུག་ཚོར་ཁ་ཡ་བྱེད་ཁོམ་མེད་པས་དེར་བརྟེན་ཟླ་མཆོད་དུས་ཆེན་ནི་ཞིང་ལས་ཚར་རྗེས་བྱིས་པ་ཚོར་ཁ་གསབ་བྱེད་ཆེད་བཙུགས་པའི་དུས་ཆེན་ཞིག་རེད། ས་གནས་དེ་གའི་གོམས་སྲོལ་ལྟར་ན། ཁྱིམ་བདག་ཚོས་བྱིས་པ་ཚོར་རྩེད་ཆས་ཡག་པོ་དང་སིལ་ཟས་ཞིམ་པོ་མང་པོ་དང་ལྷག་པར་དུ་ལྒང་བཞུ་རེ་ཉོ་ལ། དེ་ཉིན་ཁྱིམ་བདག་དང་བྱིས་པ་ཚང་མའི་ལག་ཏུ་གསར་དུ་ཉོས་པའི་ལྒང་བཞུ་དང་རྩེད་ཆས་ཡོད།

ཁྲའོ་ཞན། མེས་པོའི་སྤུར་སྒམ་བསྐོར་ནས་ཚ་ཕོག་རྒྱག་པ།

ལོ་རེའི་ཟླ་མཆོད་དུས་ཆེན་སྐབས་ནི་ཁྲའོ་ཞན་གྱི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གུང་གསེང་ཡིན་ཏེ་རྒྱལ་ཡོངས་སུ་ཉིན་གཅིག་ལ་ངལ་གསོ་བྱ་སྲིད། ཉིན་དེར་ཁྲའོ་ཞན་གྱི་མང་ཚོགས་ཀྱིས་ཁྱིམ་ཚང་རེ་རེ་བྱས་ནས་བཟའ་བཏུང་སྣ་ཚོགས་འཁྱེར་ཏེ་མེས་པོར་དུར་མཆོད་བྱེད་དུ་འགྲོ་བ་དང་། གོ་ཐོས་ལྟར་ན། གནའ་བོའི་ཁྲའོ་ཞན་སྐབས་སུ། ཟླ་མཆོད་དུས་ཆེན་ནི་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བའི་ཞིང་པའི་དུས་ཆེན་གལ་ཆེན་ཞིག་ཡིན་པར་བཤད་དེ། ཉིན་དེར་མི་རྣམས་ཀྱིས་འབྲས་སོས་པ་བཙོས་ནས་མེས་པོའི་དུར་སའི་མདུན་དུ་ལོ་ལེགས་བྱུང་བའི་གཏམ་བཟང་ཞུ་སར་འགྲོ་བ་རེད།

སིང་ཀ་ཕོར། “ཟླ་མཆོད་བག་ལེབ་སྲབ་མོའི”རོལ་རྩེད།

ནང་མི་ཚོ་དང་མཉམ་དུ་དུང་ཟླ་གོར་མོའི་འོག་ཏུ་ཟླ་མཆོད་དུས་ཆེན་གཏོང་བ་ལས་གཞན། སིང་ཀ་ཕོར་གྱི་ཞ་མོན་ཀུང་ཧུའེ་སོགས་སྒྲིག་གཞིས་མཉམ་དུ་རྒྱལ་དམངས་མཉམ་འདུས་ཀྱིས་བག་ལེབ་སྲབ་མོ་བཟོས་ནས་ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་དགོང་ཚོགས་གཉེར་བཞིན་ཡོད། “ཟླ་མཆོད་བག་ལེབ་སྲབ་མོ”ནི་ཧྥུའུ་ཅན་ལྷོ་རྒྱུད་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་དུས་ཆེན་བྱེད་སྒོ་ཞིག་ཡིན་ཏེ། ངག་རྒྱུན་དུ། དེ་ནི་ཀྲེན་ཁྲེང་ཀུང་གིས་ཟླ་མཆོད་དུས་ཆེན་ཉིན་དམག་མི་ཚོའི་ཕ་ཡུལ་དྲན་པའི་སྐྱོ་གདུང་སེལ་ཆེད་དང་སེམས་ལ་ངར་སློང་ཆེད་གསར་དུ་གཏོད་པའི་ཤོ་རྡེའུ་འཕེན་པའི་རོལ་རྩེད་ཅིག་ཡིན།

མ་ལེ་ཞི་ཡ། ལྒང་བཞུ་བཏེགས་ནས་ཁྲོམ་སྐོར་བྱེད་པ།

མ་ལེ་ཞི་ཡ་རུ། ཟླ་མཆོད་དུས་ཆེན་ནི་དཔྱིད་གསར་དུས་ཆེན་ཕུད་པའི་ཕྱི་སྡོད་ཀྲུང་གོ་བའི་དུས་ཆེན་ཆེ་གྲས་གཉིས་པ་དེ་རེད། དུས་ཡུན་རིང་པོར་འཕེལ་རྒྱས་ཕྱིན་པ་བརྒྱུད་མ་ལེ་ཞི་ཡའི་ཟླ་མཆོད་དུས་ཆེན་ཀྲུང་གོ་དང་བསྡུར་ན་མི་འདྲ་ས་མང་པོ་ཡོད། མི་རྣམས་ཀྱིས་ཟླ་མཆོད་བག་ལེབ་ཟ་བ་ཕུད། བྱེད་སྒོ་གཞན་ཧ་ཅང་གལ་ཆེན་ཞིག་ཡོད་པ་ནི་ལྒང་བཞུ་བཏེགས་ནས་ཁྲོམ་སྐོར་བྱ་རྒྱུ་དེ་རེད། ལྒང་བཞུ་བཏེགས་ནས་ཁྲོམ་སྐོར་བྱེད་པའི་དཔུང་ཁག་ནང་དུ་ཕྱི་སྡོད་ཀྲུང་གོ་བ་ལས་གཞན་ད་དུང་མ་ལེ་བ་དང་རྒྱ་གར་བ་ཁག་ཅིག་ཀྱང་ཞུགས་ཡོད་པ་རེད།

ཐེ་ལན། བུ་རྣམས་ཀྱིས་བུ་མོའི་ཆས་སྤྲས་པ།

ཐེ་ལན་གྱི་ཟླ་མཆོད་དུས་ཆེན་གྱི་གོམས་སྲོལ་ཐད་ཁྲའོ་ཧྲན་ས་ཁུལ་གྱི་ཤན་ཤུགས་ཅུང་ཟད་ཞུགས་ཡོད་མོད། ཡིན་ན་ཡང་ཐེ་ལན་དུ་ཡོད་པའི་ཀྲུང་གོ་བ་ཚོས་ཀྱང་སོ་སོའི་རྟེན་འབྲེལ་བྱེད་སྒོ་མང་པོ་འཕེལ་རྒྱས་བཏང་ཡོད། པང་ཁོག་གི་རྒྱ་ཁྲོམ་དུ་ལོ་ལྟར་ཉི་ནུབ་ནས་དགོང་མོའི་ཆུ་ཚོད་དང་པོའི་བར་དུ་ཟླ་མཆོད་བྱེད་སྒོ་སྤེལ་བཞིན་ཡོད། པང་ཁོག་གི་གྲོང་མི་མི་ཉུང་བ་ཞིག་ཀྱང་བྱེད་སྒོ་དེར་ཞུགས་ནས་བྱ་བ་ལམ་འགྲོ་ཡོང་རྒྱུའི་སྨོན་ལམ་འདེབས་པ་དང་། གོ་ཐོས་ལྟར་ན། འཁྲབ་སྟོན་ཁག་གཅིག་གི་ནང་དུ་ཐེ་ལན་གྱི་སྐྱེ་པས་ཀྲུང་གོའི་བུ་མོའི་ལྭ་རིང་གྱོན་ནས་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1