སྤྱི་ཟླ་༡༠པའི་ཚེས་༡༡ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་རིམ་པའི་བདུད་འཇོམས་གཅོད་ཀྱི་དབྱངས་རྟའི་རྒྱུད་འཛིན་པའམ་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོས་བརྩམས་པའི《ཧི་མ་ལ་ཡའི་དབྱངས་རོལ་གྱི་བསྟན་བཅོས།》ཞེས་པའི་ལྟ་ཀློག་མཉམ་སྤྱོད་ཚོགས་འདུ་ཁྲེང་ཏུའུ་ནས་འཚོགས་པ་རེད།
ཚོགས་ཐོག་ཏུ། དེབ་འདིའི་རྩོམ་པ་པོ་སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོས་བརྩམས་ཆོས་འདི་ཉིད་ཀྱི་གསར་རྩོམ་སྐོར་ནས་ཉམས་མྱོང་ལྷུག་པོར་བརྗོད་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་མི་ཉག་འོད་ཟེར་གྱིས་དེབ་འདིའི་དཔེ་སྐྲུན་གྱི་དོན་སྙིང་ཐད་ནས་གཏམ་བཤད་གནང་ཞིང་། བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན་ཆོས་རྒྱ་མཚོ། སྣང་གསར་ཐང་གའི་སྲོལ་གཏོད་མཁན་ལྟག་ཨོ་རྒྱན་ཆོས་འཕེལ་གཉིས་ནས་རང་ཉིད་ཀྱི་ཞིབ་འཇུག་དང་གསར་རྩོམ་གྱི་ཁྱབ་ཁོངས་ནས་ལྟ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པས། ཚོགས་ཞུགས་པ་རྣམས་ཀྱིས་ཧི་མ་ལ་ཡའི་གནའ་བོའི་དབྱངས་རོལ་དང་དེའི་འགྱུར་ཁུག་ཁྲོད་ནས་ཀྲུང་ཧྭའི་རོལ་དབྱངས་རིག་གནས་ཀྱི་མཛེས་པ་ལ་མྱོང་རོལ་བྱས།
དེ་ཡང་《ཧི་མ་ལ་ཡའི་དབྱངས་རོལ་གྱི་བསྟན་བཅོས།》ཞེས་པའི་དེབ་འདིའི་ཁྲོད། དབྱངས་རོལ་གྱི་བྱུང་བ་དང་གོ་དོན། དབྱངས་ཇི་ལྟར་སློབ་ཚུལ་དང་། སྒྲ་དང་དབྱངས་དང་སྙན་དང་འཇེབས་སོགས་ཀྱི་གོ་དོན། དབྱངས་ཡིག་དང་འབྲེལ་ནས་འགྱུར་ཁུགས་འདེགས་འཇོག་སོགས་ཀྱིས་མཚོན་པའི་དབྱངས་ཀྱི་རྩ་བའི་དབྱེ་བ་དགུ་དང་། ཡན་ལག་གི་དབྱེ་བ་ཉི་ཤུ་རྩ་དྲུག་བཅས་ངོས་འཛིན་ཚུལ་དང་། དབྱངས་ཀྱི་མཐོ་དམན་དང་། དལ་མྱུར། ས་མཚམས་སོགས་ཀྱི་ངོ་སྤྲོད་དང་། དབྱངས་ཡིག་གི་སྲོལ་དར་ཚུལ་དང་། དེའི་མཚོན་དོན་ཁྱད་ཆོས་སོགས་ཀྱི་སྐོར་དང་། གཞན་ཡང་། གླུ་དང་དབྱངས་ཀྱི་སྐོར་ལས་འཇིག་རྟེན་མི་ཆོས་ཀྱི་གླུ་དང་། དམ་པའི་ལྷ་ཆོས་ཀྱི་གླུ། ཕོ་བྲང་གི་དབྱངས་རོལ་སོགས་སོ་སོར་བཤད་ཡོད་པར་མ་ཟད། ད་དུང་འབུད་རྡུང་དཀྲོལ་སྦྲེང་གི་རོལ་ཆ་མི་འདྲ་བ་དྲུག་ཅུ་རེ་བཞིའི་པར་དང་ངོ་སྤྲོད་ཆ་ཚང་དང་། དབྱངས་དང་རང་བྱུང་ཁམས་ཀྱི་འབྲེལ་བ་དང་། སྒྲ་དབྱངས་ཉམས་སུ་ལེན་པའི་རིམ་པའམ་དབྱངས་རོལ་སེམས་ཁམས་རིག་པའི་སྐོར་སོགས་དང་། དེ་མིན་མགྲིན་པའི་རྩ་མདུད་གྲོལ་ཚུལ་དང་། དབུགས་སྣ་རིང་དུ་གཏོང་བའི་ཐབས་ལམ་སོགས་བཀོད་ཡོད་པ་རེད།
དེབ་འདི་ཡིས་དུས་རབས་༡༥པའི་ཡ་གླིང་ཤར་མ་དང་དབུས་མ། དེ་མིན་ཡ་གླིང་ལྷོ་མ་ས་ཁུལ་གྱི་ཆོས་ལུགས་དང་སྤྱི་ཚོགས། ལོ་རྒྱུས། རིག་གནས། སྒྱུ་རྩལ་སོགས་ལ་རྒྱུས་ལོན་བྱེད་པར་རྒྱུ་ཆ་གང་ལེགས་མཁོ་འདོན་བྱས་ཡོད་པར་མ་ཟད། མི་རིགས་ཀྱི་རོལ་མོའི་རིག་གནས་ཀྱི་འཕེལ་རྒྱས་དང་རྒྱུན་འཛིན་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཐོན་ཡོད་དོ། །