༄༅།།དྲན་པའི་ཕྱི་ནང་།

གློག་འོད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ་ལས་དྲངས། སྤེལ་དུས། 10-12


ནུབ་ཁའི་རི་རྩེ་ནས།

ས་སྲོད་ཀྱི་ཡོལ་བ་བཏང་རྗེས།

འོད་ཀྱི་ཞགས་པ་ཡང་ག་ལེར་ཆད་སོང་།

མཚན་སྨག་གི་ལྭ་བ་སྟུག་པོས།

ངའི་ཕྱི་ནང་གི་ཁོར་ཡུག་ཡོངས་སུ་བཏུམས་རྗེས།

འཇིག་རྟེན་ནི་ཧ་ཅང་ལྷིང་འཇགས་ཤིག་ཏུ་གྱུར།

རླུང་བུའི་ཤུར་སྒྲ་ཙམ་ཡང་དབེན་དུས།

ད་གཟོད།

ངའི་སེམས་ཀྱི་ཁོང་གསེང་དུ།

ཞི་དུལ་ལས་སྨིན་པའི་ཁྱོད་རང་ག་ལེར་འཛུལ་བྱུང་།

གནག་སྣུམ་གྱི་སྐྲ་ལོ་བསྐྱོད་ནས།

མདངས་འཚེར་བའི་མིག་ཟུང་བཙུམས་ནས།

དགོད་སླ་བའི་མཆུ་སྒྲོས་འགུལ་ནས།

ལང་ཚོའི་མཛེས་སྡུག་དང་།

ཡིད་འོང་གི་རྣམ་པ་ཡོངས་སུ་ཕྱུང་སྟེ།

ངའི་དང་གའི་སྙིང་ཆུང་ལ་ཡང་ཡང་འཁོར་བྱུང་ཨང་།

འདི་ལྟར།

ངས་མགོ་བོ་སྔས་མལ་དུ་བཅོལ་ཏེ།

སེམས་ཀྱི་རྣམ་ཤེས་རྩེ་གཅིག་ལ་གཏད་ནས།

ཁྱོད་ཀྱི་ཡོད་ཚད་ལ་ཞིབ་ཏུ་བསྒོམས་ན།

ཐུན་གསུམ་གྱི་རྨི་ལམ་ཁྲོད་དུ།

ཁོ་བོ་ཁྱོད་དང་མཇལ་ནས་འགྲོགས་ཐུབ་ཅིང་།

ཕྲ་ཞིང་མཉེན་པའི་ཁྱོད་ཀྱི་ལག་ཟུང་ལ་ཡང་།

སེམས་ཆུང་ངང་རེག་ཐུབ་པ་བྱུང་སོང་།

དེ་བས།

ཁྱོད་ཀྱིས་ང་ལ་སྦྲེལ་བའི་ལག་འཇུ་དེ་མ་གཏོང་རོགས།

ཁྱོད་ཀྱིས་ང་ལ་བྱིན་པའི་འཛུམ་ཞལ་དེ་མ་འགྱུར་རོགས།

ངའི་སེམས་ཀྱི་དྲན་ཤིང་ལགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1