མེ་བཤད།
ལྷ་བསོ་ལོ། ལྷ་རྒྱལ་ལོ།
དགའ་ད་ནངས་སྐྱ་རེངས་དང་ཤར་ལ།
ཅང་ཨ་མདོའི་སྒ་ལ་ཕྱི་བདར་ལན་གསུམ་རྒྱབ་ཀི།
བལ་གདན་ཁ་ཆུ་བསིལ་མ་འོག་ལ་རྒྱབ་ཀི།
གོས་དཀར་དར་ཚོན་སྣ་ལྔ་བར་ལ་རྒྱབ་ཀི།
གསེར་སྲབ་ཟླ་བ་ཡར་ཚེས་ཁ་ལ་སྐོན་ཀི།
རྨེད་རྒྱུན་དུང་ཟླ་རང་ཚེ་འོག་ལ་བཙུགས་ཀི།
གསེར་སྒ་ཉི་མ་རང་ཤར་སྟེང་ལ་རྒྱབ་ཀི།
སྦ་ལྕག་བསམ་པའི་དོན་གྲུབ་དེ་ལག་ལ་བཟུང་དུས།
ཐང་ཆེན་པོ་དེ་ཕྱིང་དཀར་དྲིལ་དྲིལ་བཟོ་ཀི།
ཆུ་ཆེན་པོ་དེ་རྦ་རླབས་གཏུབ་གཏུབ་བཟོ་ཀི།
ལ་མཐོན་པོ་དེ་ཕྲེང་མ་འདྲེན་འདྲེན།
མྱེ་ལྕེ་སོར་གསུམ་དེ་ཡར་ལ་འབར་བ་དེ།
སྐྱེས་ཕོ་རབས་གསུམ་གྱིས་བཏབ་པ་ཨེ་རེད་མོ་
རབས་གསུམ་གྱིས་བཏབ་པ་རེད།
སྐྱེས་ཕོ་རབས་གསུམ་གྱིས་བཏབ་པ་ཡིན་ན།
ཕོ་ལྷ་མཆོད། དགྲ་ལྷ་མཆོད། དགྲ་ལྷའི་ངོ་སོ་
དཀར་པོ་མཆོད།
སྐྱེས་མོ་རབས་གསུམ་གྱིས་བཏབ་པ་ཡིན་ན།
མོ་ལྷ་མཆོད། དགྲ་ལྷ་མཆོད། མོ་མཁའ་འགྲོ་སྲུང་
མ་ཡེ་ཤེས་མཆོད།
སྟོང་ཉིད་འགག་བཟའ་ཆོས་སྒྲོན་མཆོད།
མེ་བཟའ་མེ་ཏོག་ལྷ་མཛེས་མཆོད།
སྒ་སྐྱ་ལོའི་སེར་ལྕམ་འབྲུག་མོ་མཆོད།
༢ ཆུ་བཤད།
མཆོད། མཆོད། མཆོད།
མཆོད་དང་པོ་སྒྲོལ་མ་དཀར་པོར་མཆོད།
མཆོད་གཉིས་པ་སྒྲོལ་མ་སྔོན་མོར་མཆོད།
མཆོད་གསུམ་པ་རིགས་གསུམ་མགོན་པོར་མཆོད།
མཆོད་བཞི་བ་རྒྱལ་ཆེན་སྡེ་བཞིར་མཆོད།
མཆོད་ལྔ་བ་རྒྱལ་བ་རིགས་ལྔར་མཆོད།
མཆོད་དྲུག་པ་གླིང་གི་དཔའ་རྟུལ་མཆོད།
ཕར་གཡང་མཆོད་དམ་པའི་མི་བདུན་མཆོད།
ཞེ་ཐུལ་ཁྲ་གླག་སྤྱང་གསུམ་མཆོད།
སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་མཆོད།
ཆུ་ཡར་མཆོད་རྒྱ་གར་ཡུལ་ལ་མཆོད།
རྒྱ་གར་རྒྱལ་པོའི་ཆོས་གཡང་མཆོད།
ཆོས་སངས་རྒྱས་བསྟན་པ་དེ་ནས་དར།
ཆུ་མར་མཆོད་རྒྱ་ནག་ཡུལ་ལ་མཆོད།
རྒྱ་ནག་རྒྱལ་པོའི་ཇ་གཡང་མཆོད།
ཇ་ནག་རིལ་བསྟན་པ་དེ་ནས་དར།
ཆུ་ཕར་མཆོད་གངས་ཅན་བོད་ལ་མཆོད།
གངས་ཅན་གནས་རི་རྩེ་གསུམ་མཆོད།
ནས་ཨ་འབྲུ་བསྟན་པ་དེ་ནས་དར།
ད་ཆུ་འདིའི་ཆུ་ཕུགས་ཨེ་ཤེས་ད།
ཆུ་འདིའི་ཆུ་ཕུགས་མ་ཤེས་ན།
ཆུ་འདིའི་ཆུ་ཕུགས་ང་ཡིས་བཤད།
དགུང་གཡུ་འབྲུག་སྔོན་མོ་གྲགས་པའི་ཆུ།
སྦྲང་ཆར་ཞིམ་པོ་ཟིལ་པའི་ཆུ།
རི་རབ་སྐེད་ལ་འཁྱིལ་པའི་ཆུ།
རྒྱ་མཚོའི་ནང་ན་གསོ་པའི་ཆུ།
རག་སྐྱོགས་སེར་པོས་བཅུས་པའི་ཆུ།
གསེར་ཟོམ་ནང་དུ་བླུགས་པའི་ཆུ།
མ་སྲུ་མང་པོས་ཁུར་བའི་ཆུ།
ཆུ་ཡོང་སའི་ཆུ་ཕུགས་དེ་འདྲ་རེད།
ད་ཆུ་ཟོམ་ཁ་ཡི་མི་གསུམ་མཆོད།
མི་གསུམ་ཨ་རོགས་གྲལ་མཉམ་རེད།
སྐྱེས་ས་མི་གཅིག་ཁ་ཁ་རེད།
འཛོམས་ས་གསེར་ཟོམ་ཁ་ལ་རེད།
མི་གསུམ་མིང་གསུམ་མ་འདོགས་ན།
གོང་བླ་མར་ཞུ་བ་ཅི་འདྲ་ཕུལ།
གོང་གི་བུ་མོ་གསེར་ལུ་སྒྲོན།
གསེར་ལུ་སྒྲོན་གྱིས་གསེར་ཟོམ་ཁུར།
གསེར་ཟོམ་ནང་དུ་གསེར་མཚོ་འཁྱིལ།
བར་གྱི་བུ་མོ་དངུལ་ལུ་སྒྲོན།
དངུལ་ལུ་སྒྲོན་གྱིས་དངུལ་ཟོམ་ཁུར།
དངུལ་ཟོམ་ནང་དུ་དངུལ་མཚོ་འཁྱིལ།
ཞོལ་མའི་བུ་མོ་གཡུ་ལུ་སྒྲོན།
གཡུ་ལུ་སྒྲོན་གྱིས་གཡུ་ཟོམ་ཁུར།
གཡུ་ཟོམ་ནང་དུ་གཡུ་མཚོ་འཁྱིལ།
མཆོད། མཆོད།
ཆུ་ཡིས་ཆུ་བོ་གངས་དཀར་མཆོད།
རྒྱ་མཚོ་ཀླུ་ཡི་ཕོ་བྲང་མཆོད།
གཡས་ལ་ཚེ་དཔག་མེད་ཀྱི་ཚེ་ཆུ་མཆོད།
གཡོན་དུ་ཨོ་རྒྱན་པདྨའི་སྒྲུབ་ཆུ་མཆོད།
བླ་མ་བཟང་པོའི་གསོལ་ཆུ་དེ།
རྒྱ་གར་མཚོ་ཆེན་ཁ་ལ་བཅུས།
མ་སྲུ་མང་པོའི་ཇ་ཆུ་དེ།
ན་རམ་རྩྭ་མཆོག་བར་ལ་བཅུས།
མཆོད། མཆོད།
གོང་གི་ཡི་དམ་ལྷ་ལ་མཆོད།
འདབས་ཀྱི་ཆོས་སྐྱོང་སྲུང་མ་མཆོད།
བར་གྱི་མ་ཕམ་གཡུ་མཚོ་མཆོད།
དར་དཀར་འཁོར་བའི་རྟེན་འབྲེལ་མཆོད། མཆོད།
༣ བྱ་བཤད།
ད་ཆུ་ཆེན་ཁ་ཡི་བྱ་ཆེན་དེ་རྨ་བྱ་ཨེ་རེད་རྒྱ་བྱ་རེད།
རྨ་བྱ་རྒྱ་བྱ་མ་རེད་ད་བྱ་ཆེན་གོང་མོའི་ཆགས་ཚུལ་རེད།
མགོ་ནང་ཀླད་པ་དཀར་པོ་དེ་ཤ་སྤྲེའུ་བྱང་མའི་ཆགས་ཚུལ་རེད།
རི་སྐེད་མིག་འབྲས་ཆ་གཅིག་དེ་རྒྱལ་ཁམས་ལྟད་མོ་ལྟ་ས་རེད།
རི་སྐེད་སྣ་ལུང་ཆ་གཅིག་དེ་ཟས་ཞིམ་པོའི་དྲི་མ་སྣོམ་ས་རེད།
ཡར་མཆུ་ཡར་ལ་འགུག་ལེ་དེ་གནམ་གྱི་སྐར་མ་བརྩི་ས་རེད།
མར་མཆུ་མར་ལ་འགུག་པ་དེ་ས་ལ་རྒུམ་འབུ་འཐུ་ས་རེད།
མིད་པ་སྐས་རིམ་སུམ་བརྩེགས་དེ་རྒྱ་སྐས་ཕྲ་མོ་ཆགས་ཚུལ་རེད།
གློ་བ་གངས་རི་དཀར་པོ་དེ་དྲིན་ཆེན་ཕ་ཡི་ཆགས་ཚུལ་རེད།
མཆིན་པ་རྫ་རི་སྨུག་པོ་དེ་དྲིན་ཆེན་མ་ཡི་ཆགས་ཚུལ་རེད།
མཁལ་མ་གསེར་སྒོང་དངུལ་སྒོང་དེ་ཤ་ཉེ་སྤུན་མཆེད་ཆགས་ཚུལ་རེད།
རྒྱུ་དཀར་ཀྱ་གེ་ཀྱོག་གེ་དེ་གཙང་རྒྱུན་ཆུ་ཡི་ཆགས་ཚུལ་རེད།
རྒྱུ་ནག་ཀྱ་གེ་ཀྱོག་ཀེ་དེ་སྐྱ་གསོབ་ལམ་གྱི་ཆགས་ཚུལ་རེད།
སྡེར་མོ་ས་ལ་གཙུགས་པ་དེ་ཕྱོགས་བཞི་དགྲ་བཞི་འདུལ་བའི་རྟགས།
ད་དགའ་བ་ཀླུ་ཡི་ལོངས་སྤྱོད་མཆོད།
ཀླུ་རྒྱལ་ལོངས་སྤྱོད་མཆོད་པར་སྨོན།
དགའ་བ་འཁོར་བའི་རྟེན་འབྲེལ་ཡིན།