སྔོན་བྱུང་སྲིད་པའི་སྒྲོན་མེ་གཏེགས་པའི་ཕྲ་རགས་ཤེས་བྱའི་ནོར་གླིང་དུ། །
རྣམ་དཔྱོད་ཕྲ་མོའི་པིར་གྱིས་བྲིས་ཤིང་གནས་ལུགས་ལག་མཐིལ་བཀྲམ་གྱུར་ཀྱང་། །
དུས་ཀྱིས་སྐལ་བའི་སྐད་དང་ཡི་གེའི་བརྡ་ཡིས་ཁྱད་པར་ལྐོག་གྱུར་རྣམས། །
མ་འདྲེས་གསལ་བར་འཆར་བའི་མེ་ལོང་གངས་ལྗོངས་ཉི་གཞོན་དེབ་འདིར་གཟིགས། །
གླིང་བཞིའི་གོ་ལའི་ཁྱོན་དུ་བགྲོད་པའི་འདེགས་བྱེད་རྐང་པའི་རྩལ་ཆེན་རྫོགས། །
འཛམ་གླིང་ལྟད་མོར་ལག་མཐིལ་ལྟ་བའི་མཐོང་བྱེད་རྒྱལ་མོས་མིག་འབྲས་སྦྱིན། །
རྒྱལ་དོན་ཇུས་བཟང་སྒྲོགས་པའི་སྙན་ཚིག་ཐོས་འཛིན་བདུད་རྩིའི་གསོས་སུ་སྨིན། །
མཐོང་ཐོས་དྲན་རེག་ཤེས་བྱའི་སྒོ་མོ་གྲངས་མེད་འབྱེད་པའི་རྣམ་དཔྱོད་མྱུར། །
སྲོལ་རྒྱུན་སྲོག་གིས་ཀ་བ་འདེབས་ཤིང་མི་རིགས་ལག་རྩལ་རྨང་གཞིར་བརྟན། །
གསར་གཏོད་ལམ་དུ་སྣོད་བཅུད་བཀྲ་བའི་ཡིད་འོང་མཛེས་རིས་བརྗིད་ཉམས་མངོན། །
སློབ་གསོས་སྨིན་པའི་བརྒྱུད་འཛིན་གསར་པའི་ན་གཞོན་ཕོ་མོའི་སྤོབས་སེམས་ཀྱིས། །
གྲངས་མེད་ཤེས་བྱའི་རྒྱ་མཚོ་བརྒལ་བའི་རིག་པའི་ཟམ་ཆེན་འཛུགས་འདིར་སྤྲོ། །
ཕྱོགས་ལྷུང་དུག་གིས་སྡོང་པོ་གཏོར་བའི་འདྲ་མཉམ་པདྨའི་ཆུ་བར་དྲངས། །
རྨོངས་པའི་འདམ་རྫོབ་སྦུབས་ནས་གྲོལ་བའི་དཔྱོད་ཤེས་རིག་པའི་འདབ་བརྒྱ་གྲོལ། །
ཀླད་ཆེན་འཁོར་དཔྱོད་རྩ་ཁམས་སྦུབས་ནས་རིག་ཤེས་ཁྲག་རྒྱུན་དྲོན་མོར་འབྱམས། །
བསམ་བློ་གསར་པའི་སྔོན་ཐོན་ལམ་ནས་འཕེལ་རྒྱས་གོམ་སྟབས་མྱུར་དུ་ཕྱིན། །
དུས་རབས་གསར་པའི་རླབས་ཆེན་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྐར་ཆེན་འོད། །
འཛམ་གླིང་ཁྱོན་དུ་འཁོར་སྐྱོད་མྱུར་བའི་དཔེ་བཟང་གཟི་ཉམས་བརྗིད་ཆགས་ལྡན། །
འགྲན་མེད་སྟོབས་འབྱོར་མངའ་ཐང་རྒྱས་པའི་མེས་རྒྱལ་གོང་བུ་གཅིག་འདྲིལ་གྱིས།།
མཛའ་མཐུན་རྒྱལ་ཁའི་དར་དམར་ཁྲོད་ནས་བརྩེ་སེམས་དཔུང་པ་མཉམ་དུ་གཤིབ། །
མཐོ་སྒང་གོ་ལའི་གངས་རིའི་འཛུམ་དཀར་མངོན་འགྱུར་འཕེལ་རྒྱས་ཕྱོགས་སུ་འཕྲོ། །
རྗེས་ལུས་འཐིབ་པའི་སྨུག་རླངས་ཐུལ་བའི་སྒྲིབ་པའི་མུན་པ་དོང་དུ་མནན། །
འཚོ་བའི་བཞིན་རས་གནམ་ས་བཀྲ་བའི་འོད་སྟོང་འབར་བའི་ཁྱིམ་གཞིས་སྐྲུན། །
ཞིང་འབྲོག་མི་དམངས་སྤྲོ་སེམས་འཁོལ་བའི་དགའ་བའི་དགོད་སྒྲ་ལྷང་ལྷང་སྒྲོགས། །