༄༅།།ངོ་མཚར་ཆེ་བའི་རྨ་ཆུའི་ཆུ་འགོ་མཚོ་སྐྱ་རིང་དང་སྔོ་རིང་།

ལུང་ཆོན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ་ལས་དྲངས། སྤེལ་དུས། 11-08


 མཚོ་ཡིས་མི་ལ་དབེན་ཞིང་བདེ་བའི་སྣང་བ་ཞིག་སྟེར་སྲིད། གལ་ཏེ་མཚོ་དེའི་ངོ་མཚར་ཆེ་བའི་ས་རུ་གནས་པར་མ་ཟད། ད་དུང་ལྷ་སྒྲུངདང་གཏམ་རྒྱུད་ཀྱིས་ཕྱུག་ཚེ། མཚོ་འདིར་རང་བྱུང་ཁམས་དང་བསམ་པའི་རྣམ་ཤེས་ལྡན་པར་གྱུར་ནས་སྔར་ལས་མཛེས་ཤིང་སྡུག་པར་ངེས། རྨ་ཆུའི་འབྱུང་གནས་ལ་པཎྜལ་གྱིས་རྒྱན་སྤྲས་པ་དང་ཀུན་ནས་མཚུངས་པའི་མཚོ་སྐྱ་རིང་སྔོ་རིང་ཟུང་ནི་མཚོ་འདི་ལྟ་བུ་གཉིས་ཡིན་ཞིང་། མཚོ་འདི་གཉིས་ཀྱི་ཉེ་སར་བཅར་བའི་མི་ཧ་ཅང་ཉུང་མོད་ཀྱང་། འདི་གཉིས་ཀྱི་མཛེས་སྡུག་དང་སྒེག་ཉམས་ཀྱིས་སྐྱེ་བོ་ཀུན་གྱི་ཡིད་སེམས་རང་དབང་མེད་པར་འགུག་བཞིན་ཡོད།

              ལྷ་སྒྲུང་དང་གཏམ་རྒྱུད་ཀྱིས་ཕྱུག་པའི་བླ་མཚོ།   

  རྨ་སྟོང་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ༦༠སོང་མཚམས་སུ་མཚོ་སྔོ་རིང་མཐོང་ཐུབ་ལ། དེ་ནས་མདུན་དུ་སྤྱི་ལེ༣༠ལྷག་སོང་རྗེས་མཚོ་སྐྱ་རིང་མཐོང་ཐུབ།

   རྨ་ཆུའི་འབྱུང་གནས་རྨ་སྟོད་རྫོང་ཁོངས་སུ་མཚོ་དང་མཚེའུ་ཆེ་ཆུང་༤༠༠༠ལྷག་ཡོད།དེ་དག་གི་ཁྲོད་དུ་མཚོ་སྐྱ་རིང་དང་སྔོ་རིང་གཉིས་ནི་མཚོ་ཆེ་ཤོས་དང་སྒེག་ཉམས་ལྡན་ཤོས་ཡིན་པ་སྨོས་ཅི་དགོས། མཚོ་འདི་གཉིས་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་སུ་གནས་པའི་ཚྭ་མེད་མཚོ་ཡིན་ལ། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི༤༣༠༠ལྷག་ཡོད་པས། སྙན་གྲགས་ཆེ་བའི་མཚོ་སྔོན་པོ་ལས་ཀྱང་སྨི༡༠༠༠ལྷག་གིས་མཐོན་པོ་ཡོད། མཚོ་འདི་གཉིས་ཨ་ཆེན་གངས་རི་དང་བུ་ཆེན་རི་བོ་ཟུང་བར་གྱི་གྲོག་རོང་ཆེན་པོར་ཆགས་ཤིང་། འོད་མདངས་རབ་ཏུ་རྒྱས་པའི་རིན་ཆེན་དབང་སྔོན་ཟུང་དང་མཚུངས་པར་ཆུ་བོའི་འབྱུང་ཁུངས་མཐོ་སྒང་ལ་མཛེས་པའི་རྒྱན་ཆ་སྤྲས། ས་འདིའི་རྨ་ཆུའི་འབྱུང་ཁུངས་ནི་ཨ་ཆེན་གངས་རིའི་བྱང་འདབས་ཀྱི་འཁར་ཆུ་ནས་འགོ་ཚུགས་ཏེ། རྫ་ཆུ་དང་ཡོས་གི་སླང་ལེབ་ཆུ་གཉིས་དང་འདྲེས་ནས་མར་སྤྱི་ལེ༢༠ལྷག་བཞུར་རྗེས། སྔོན་ལ་མཚོ་སྐྱ་རིང་དང་དེ་ནས་མཚོ་སྔོ་རིང་དུ་འབབ། དེ་ནས་མཚོ་འདི་གཉིས་གཤགས་ནས་ཀྱག་ཀྱོག་གི་རྒྱུ་མ་ལྟར་སྨད་རྒྱུད་དུ་བཞུར། མཚོ་འདི་གཉིས་ཀྱི་མིང་གི་ཡོང་ཁུངས་ནི། གནའ་སྔ་མོར་ཡུལ་འདིའི་མི་རྣམས་ཀྱིས་མཚོ་འདི་གཉིས་ཀྱི་ཁ་མདོག་དང་དབྱིབས་ལ་གཞིགས་ནས་བཏགས་པ་རེད། ང་ཚོ་ས་འདིར་དངོས་སུ་འབྱོར་ནས་རྟོག་ཞིབ་བྱེད་སྐབས།མཚོ་སྐྱ་རིང་གི་ཁ་མདོག་དོན་པས་སྐྱ་ཤས་ཆེ་ཞིང་མཚོ་སྔོ་རིང་གི་ཁ་མདོག་སྔོ་ཤས་ཅུང་ཆེ་བས། མིང་འདི་དོན་ལ་གནས་པ་ཞིག་རེད།

   ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་ནི་མིའི་མཛེས་སྡུག་ལྡན་པའི་བསམ་པའི་འཆར་སྒོའམ་ལྷ་སྒྲུང་དང་ལྷན་དུ་འདྲེས་ཡོད།

  རྨ་སྟོད་རྫོང་གི་དམངས་ཁྲོད་དུ་རྨ་ཆུའི་སྟེང་དུ་རྨ་བྱ་ཡོད། གཤོག་སྒྲོ་བུམ་པའི་ནང་དུ་ཡོད་ཅེས་པའི་གཏམ་དཔེ་ཞིག་ཡོད། ས་བཀྲའི་ངོས་ནས་བལྟས་ན། མཛེས་སྡུག་ལྡན་པའི་རྒྱུ་སྐར་མཚོ་དང་མཚེའུ་ཚོགས་དངོས་གནས་རྨ་བྱའི་སྒྲོ་གུར་ཕུབ་པ་ལྟར་མཚོ་སྐྱ་རིང་དང་འབྲེལ་བ་ནི། བུམ་པ་ཞིག་ཏུ་ཡིད་འོང་གི་རྨ་བྱའི་གཤོག་སྒྲོ་བཙུགས་པ་དང་གཉིས་སུ་མ་མཆིས། དེར་བརྟེན་ཡུལ་འདིའི་མི་རྣམས་ཀྱིས་རྨ་ཆུར་རྨ་བྱའི་ཆུ་སྟེ་རྨ་ཆུ་ཞེས་འབོད་པའང་ཡ་མཚན་རྒྱུ་ཅི་ཡང་མེད།

   རྨ་སྟོད་དུ་མཚོ་སྐྱ་རིང་དང་སྔོ་རིང་གཉིས་ཀྱི་ལྷ་སྒྲུང་དང་ངག་རྒྱུན་མི་ཉུབ་ཡོད་དེ། ངག་རྒྱུན་ཞིག་ཏུ། གནའ་སྔ་མོ་ཞིག་ལ། ཨ་ཆེན་གངས་རིའི་འདབས་སུ་ལུས་གཟུགས་ཆེ་ལ་སྟོབས་ལྡན་པའི་སྤུན་གཉིས་ཡོད་ཅིང་། ཁོང་གཉིས་ཀྱིས་རང་གི་ཨ་མ་གཏན་ནས་མཐོང་མ་མྱོང་བས་དྲན་པའི་སྡུག་བསྔལ་གྱིས་བསྐུལ་ནས་ཤར་ཕྱོགས་སུ་ཨ་མ་འཚོལ་བར་སོང་། ཡུན་རིང་གི་ལམ་བར་དུ་ཧ་ཅང་ཐང་ཆད་ནས་ཁོང་གཉིས་སར་བརྒྱལ་ནས་གཅིག་གི་གདོང་དཀར་བོ་དང་ཅིག་ཤོས་ཀྱི་གདོང་སྐྱ་བོར་གྱུར་སྐབས་ལུག་རྫི་འགས་ཁོང་གཉིས་ཀྱི་སྲོག་བསྐྱབས་པ་རེད། དེ་ནས་ཁོང་གཉིས་མུ་མཐུད་དེ་མདུན་དུ་སོང་ནས་ས་སེར་མཐོ་སྒང་དུ་སླེབས། ཉིན་ཞིག་ཁོང་གཉིས་ངལ་གསོ་རྒྱག་སྐབས་རྨི་ལམ་དུ་ཨ་མ་ལགས་རྨིས་ཤིང་། ཨ་མས་ཁོང་གཉིས་ལ་ཕྱིར་ལོག་ནས་ཁོང་གཉིས་སྐྱོབ་མཁན་ལུག་རྫི་དག་ལ་དྲིན་ལན་འཇལ་དགོས་པའི་ཁ་ཏ་བསླབ་བྱ་གནང་། དེ་ནས་ཁོང་གཉིས་ཕྱིར་ཨ་ཆེན་གངས་རིའི་འདབས་སུ་ཕེབས་ནས་མཚོ་སྐྱ་རིང་དང་སྔོ་རིང་དུ་གྱུར་སྐད། དེ་ནས་བཟུང་འབྲོག་པ་སྔར་ལས་མང་བ་འདིར་གནས་སྤོས་པ་དང་། བྱ་རིགས་དང་ཉ་མོ། སྲོག་ཆགས། རྩྭ་དང་མེ་ཏོག་སོགས་ཕུན་སུམ་ཚོགས་པར་གྱུར་ནས་ཡུལ་འདི་འཇིག་རྟེན་གྱི་ལྷ་ཡུལ་ལྟ་བུར་གྱུར་ཞེས་བཤད་རྒྱུན་ཡོད།

  རྨ་སྟོད་དུ་དུང་ཧ་ཅང་ཡིད་སྐྱོ་བའི་ངག་རྒྱུན་ཞིག་ཡོད་པ་སྟེ། ལྷའི་ཕོ་བྲང་གི་ལྷ་མོ་སྒྲོལ་མ་ལྐོག་ཏུ་མི་ཡུལ་དུ་ཕེབས་པ་དང་། ཨ་ཆེན་གངས་རིའི་འདབས་སུ་མཚན་ལ་སྐྱ་རིང་ཞེས་པའི་ཕོ་གསར་ཞིག་དང་བརྩེ་དུང་གི་ཆུ་ཀླུང་དུ་ལྟུང་། ལྷ་དབང་གིས་ཤེས་ནས་སྒྲོལ་མར་ཕྱིར་ལོག་དགོས་པའི་བཀའ་ཕབ། ཡིན་ན་ཡང་སྒྲོལ་མས་ཅིས་ཀྱང་དང་ལེན་མ་བྱས། མཐར་ལྷ་དབང་གིས་མངགས་པའི་ལྷ་ཡིས་སྒྲོལ་མར་ཕོག་ཐུག་བཏང་བས་སྒྲོལ་མར་ནད་ཕོག་ནས་ཉལ་སར་ལྷུང་། སྐབས་དེར་ཕོ་གསར་སྐྱ་རིང་སེམས་འཚུབ་རབ་ཏུ་བྱུང་སྟེ་རི་རབ་ལྷུན་པོར་སྨན་ཀུར་གུམ་འཚོལ་བར་སོང་ནས་ཡུན་རིང་འགོར། ཉིན་ཞིག་སྒྲོལ་མས་སྐྱ་རིང་སྟག་གིས་སོ་བརྒྱབ་ནས་བསད་པའི་གཏམ་ངན་ཐོས་པས་སེམས་སྡུག་ཚད་མེད་བྱུང་ནས་རང་ཉིད་ནད་ཀྱིས་མནར་བར་མ་བལྟས་པར་སྐྱ་རིང་འཚོལ་བར་ཕྱིན། ཡིན་ན་ཡང་མཐར་ཡོས་གི་སླང་ལེབ་གཞོང་སར་འབྱོར་དུས་དྲན་པ་ཐོར་ནས་སར་འགྱེལ། དོན་དངོས་ཐོག་སྐྱ་རིང་ཤི་མེད་པར་རི་རབ་ལྷུན་པོ་ནས་སྨན་གུར་གུམ་རྙེད་དེ་ཕྱིར་ལོག འོན་ཀྱང་སྐབས་དེར་སྒྲོལ་མར་མིག་ཆུ་ཤོར་བ་ལས་སྐད་ཆ་ཅི་ཡང་བཤད་མི་ཐུབ་པར་གྱུར་པས་སྐྱ་རིང་ཡང་སྐྱོ་སྣང་ཚད་མེད་སྐྱེས་ནས་མིག་ཆུ་ཆད་མེད་ཤོར། ཁོང་གཉིས་ཉིན་ཞག་འགར་ངུས་རྗེས་སྒྲོལ་མའི་ལུས་པོ་བཞུས་ནས་ཆུ་མིག་ཅིག་ཏུ་གྱུར་ཅིང་། དེ་ནི་རྨ་ཆུའི་ཆུ་འགོ་ལགས། སྐྱ་རིང་གི་ལུས་ཀྱང་ཞུས་ནས་རྨ་ཆུའི་ཆུ་འགོ་དང་དམ་པོ་འབྲེལ་བའི་མཚོ་སྐྱ་རིང་དུ་གྱུར་སྐད།

                  མཚོ་གཉིས་ལ་རྟོག་ཞིབ་བྱས་པ།

   རང་བྱུང་ས་ཁམས་དང་ས་དབྱིབས་ཀྱི་ཁྱད་ཆོས་ཐད་ནས་བརྗོད་ན། མཚོ་གཉིས་དང་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་འགྱིང་ངེར་ལངས་པའི་ཨ་ཆེན་གངས་རི་དང་བུ་ཆེན་རི་ནི་གས་སྲུབས་གྲུབ་ཚུལ་ལས་ཆགས་པའི་དུས་ཡུན་རིང་པོར་འབུར་དུ་ཐོན་པའི་ས་རྒྱུད་དུ་གཏོགས་པ་དང་། རྨ་ཆུ་དང་མཚོ་སྐྱ་རིང་དང་སྔོ་རིང་གཙོ་བོར་གྱུར་པའི་མཚོ་མཚེའུ་མང་བའི་གཤོང་ས་ནི་ཅུང་མར་བརྡིབས་པའི་ས་རྒྱུད་རེད། ས་གཤིས་གྲུབ་ཚུལ་གྱི་བསྟུན་ཤུགས་ཤིན་ཏུ་ཆེ་བ་དེས་རྨ་ཆུའི་ཆུ་འགོ་ས་ཁུལ་གྱི་མཚོ་གཉིས་རོ་བོ་ཟུང་གི་བར་དུ་གནས་པའི་ས་དབྱིབས་ཁྱད་པར་ཅན་ཞིག་ཆགས་པ་དེ་གངས་རི་བཞུ་བ་དང་ས་ངོས་ཀྱི་ཆར་ཆུ་གཅིག་ཏུ་འབབ་པར་ཕན་ཞིང་ཕན་ཚུན་འབྲེལ་བའི་མཚེའུ་སྟོང་ཕྲག་དུ་མ་ཆགས་པས། དེར་ཡོས་གི་སླང་ལེབ་གཤོང་སའི་མཚེའུ་མང་པོ་དང་། རྒྱུ་སྐར་མཚོ་ཡོད་པར་གྱུར་ཅིང་། དེར་ཆུ་བསགས་ཚད་ཉིན་རེ་ལས་ཉིན་རེར་མང་དུ་སོང་ནས་མར་འབབ་སྟེ་དམའ་བའི་གཤོང་སར་མཚོ་སྐྱ་རིང་དང་སྔོ་རིང་གཉིས་ཆགས་པ་རེད། མིག་སྔར་མཚོ་སྐྱ་རིང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༥༤༢དང་། མཚོ་སྔོ་རིང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ་༦༠༨ལྷག་ཡོད། འདི་ནི་མཚོ་བོད་མཐོ་སྒང་དུ་མཚོ་སྔོན་པོ་ཁོ་ན་ལས་ཆུང་བའི་མཚོ་ཆེན་པོ་གཉིས་ལགས།

   མཚོ་གཉིས་ཀྱི་ཆུའི་དྲོད་ཚད་དམའ་བ་དང་དར་ཆགས་པའི་དུས་ཡུན་རིང་བས། མཚོའི་ནང་དུ་ཆུ་ཐོག་ཏུ་གཡེང་བའི་སྲོག་ཆགས་སམ་རྩི་ཤིང་དང་ཉ་རིགས་ཧ་ཅང་ཉུང་། ཡིན་ན་ཡང་མཚོའི་ནང་དུ་ཡོད་པའི་ཉ་རིགས་ཧ་ཅང་ཆེ་བ་དཔེར་ན། ཉ་སྔོ་དམར་ཁྲ་རིས་རེའི་ལྗིད་ཚད་ལ་སྤྱི་རྒྱ་༡༠ལྷག་ཡོད། ཡུལ་འདི་རྩ་ཆུ་འཛོམས་ཤིང་ལེགས་པས་མཚོ་གཉིས་ཉེ་འཁོར་དུ་རི་སྐྱེས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཡོད། འདིར་ཧ་ཅང་དཀོན་ཞིང་རྩ་ཆེ་བའི་འབྲོང་དང་། གཙོད། རྐྱང་། རྒོ་བ། ཤྭ་བ། དྲེད་མོང་སོགས་རིགས་སྣ་མང་པོ་ཡོད། དེས་མ་ཚད་བྱའི་རིགས་ཀྱང་༣༨ལྷག་ཡོད་ཅིང་།ལྷག་པར་དུ་གླག་དང། གོ་བོ། ཁྲུང་ཁྲུང་། ཁྲུང་ཁྲུང་མགོ་ཁྲ། ངང་སེར་། ངང་ནག་སོགས་ནི་ཧ་ཅང་དཀོན་ཞིང་རྩ་ཆེ་བ་ཡིན།

  རྨ་ཆུའི་ཆུ་འགོ་ས་ཁུལ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་༤༣༠༠ཡོད་པའི་ས་བབ་མཐོ་ཞིང་གནམ་གཤིས་ཧ་ཅང་གྲང་བའི་ས་ཁུལ་ཡིན་ལ།ལོ་ཧྲིལ་པོར་དུས་ཚིགས་བཞི་པོ་མི་གསལ་ཞིང་དྲོད་གྲང་གི་དབྱེ་བ་གསལ་བའི་དུས་ཚིགས་གཉིས་ལས་མེད། ལོ་རེའི་ཆ་སྙོམས་ཀྱི་གནམ་གཤིས་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར་མན་གྱི་ཏུའུ་བཞི་དང་གྲངས་ཆུང་གཅིག་ལས་མེད་ལ། གྲང་ངན་ཧ་ཅང་ཆེ་བའི་ཟླ་བ་དང་པོའི་ཧྲེ་ཧྲིའི་དྲོད་ཚད་དམའ་ཤོས་ཀླད་ཀོར་མན་གྱི་ཏུའུ་བཞི་བཅུ་ཞེ་བརྒྱད་དང་གྲངས་ཆུང་གཅིག་ལ་ཟིན་པས། མཚོ་སྔོན་ས་ཁུལ་གྱི་གྲང་ངར་ཆེ་ཤོས་ཀྱིས་ཁུལ་ཡིན། དབྱར་དུས་གནམ་གཤིས་དྲོད་ཤོས་ཟླ་བ་བདུན་པ་ཡིན་ཞིང་། ཆ་སྙོམས་སུ་ཧྲེ་ཧྲིའི་དྲོད་ཚད་ཏུའུ་དང་གྲངས་ཆུང་ལྔ་ཟིན། འདི་རུ་ཉིན་མོ་དང་མཚན་མོའི་དྲོད་ཚད་ཀྱི་ཧེ་བག་ཆེ་ཤོས་ཧྲེ་ཧྲིའི་ཏུའུ་བཅུ་བདུན་དང་གྲངས་ཆུང་བཞི་ཟིན་ཡོད། ལོ་གཅིག་གི་དུས་ཚིགས་བཞི་པོར་མཚོ་སྐྱ་རིང་དང་སྔོ་རིང་གཉིས་མཐའ་འོཁར་གྱི་རི་འགོར་ཁ་བ་བཞུ་མི་སྲིད་ལ། དབྱར་དུས་ཀྱང་ཁ་བ་བུ་ཡུག་འཚུབ་པའི་གནམ་གཤིས་མཐོང་ཐུབ། དེར་བརྟེན་མཚོ་གཉིས་ཀྱི་ཉེ་འཁོར་དུ་གནས་སྡོད་བྱེད་པའི་འབྲོག་པ་རྣམས་ཀྱིས་ལོ་ཧྲིལ་པོར་མེ་འབུད་དགོས། དབྱར་དུས་རྫོང་གི་མགྲོན་ཁང་དུའང་ཉིན་མཚན་མེད་པར་མེ་ཐབ་འབུད་ཀྱང་ད་དུང་གྲང་བའི་སྣང་བ་སྟེར། འབྲོག་པ་རྣམས་ཀྱི་རིན་གོང་ཆེ་བའི་རྡོ་སོལ་འབུད་མི་ཐུབ་པས་སྔར་བཞིན་ལྕི་བ་འབུད་དེ་དྲོད་ལེན་བྱེད་བཞིན་ཡོད། ཡུལ་འདིའི་མི་རྣས་ཀྱིས་ང་ཚོར་ལྕི་བ་འབུད་པའི་བཟང་ཆ་རེ་རེ་བཞིན་བགྲངས་པའི་ཐོག་ནས་རྨ་སྟོད་པ་རྣམས་བག་ཡངས་ཤིང་བདེན་པ་བདེན་ཐུབ་ཡིན་པའི་སྣང་བ་སྐྱེས་སུ་བཅུག

  རྨ་ཆུའི་ཆུ་འགོའི་ས་ཁུལ་གནའ་སྔ་མོ་ནས་གནམ་གཤིས་ཧ་ཅང་གྲང་བའི་མི་མེད་ས་ཁུལ་ཡིན། ཡིན་ན་ཡང་དེའི་ངོ་མཚར་ཆེ་ཞིང་ལྐོག་ཏུ་གྱུར་པ་དེས་མིའི་རིགས་ཀྱིས་དེར་མཚར་སྣང་སྐྱེ་བ་དང་རྟོག་ཞིབ་བྱེད་པའི་སྙིང་སྟོབས་བསྐྱེད་དུ་བཅུག  དུས་རབས་བདུན་པའི་དུས་སྟོད་ཐང་རྒྱལ་རབས་ཀྱི་སྐབས་སུ་མིའི་རིགས་ཀྱིས་རྨ་ཆུའི་ཆུ་འགོའི་ས་ཁུལ་ལ་རྟོག་ཞིབ་དང་བྟག་དཔྱད་བྱེད་འགོ་བརྩམས། འ་ཞ་རྒྱལ་རབས་སྐབས་སུ་ལི་ཏའོ་ཙུང་ལྷོ་ཕྱོགས་ཀྱི་ལམ་འགྲིམས་ཏེ་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་ལྟ་ཞིབ་བྱེད་མྱོང་བ་དང་། ཡོན་རྒྱལ་རབས་ཀྱི་སྐབས་སུ་གོང་མས་བློན་ཆེན་ཏུའུ་ཧྲི་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་རྟོག་ཞིབ་བྱེད་པར་མངགས་པ་དང་། དུས་ཡུན་ཟླ་བ་བཞིའི་རིང་རྟོག་ཞིབ་བྱས་པ་བརྒྱུད་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་མང་པོ་རྙེད་པ་མ་ཟད། མཚེའུ་ཁ་ཤས་ལ་སོག་སྐད་ཀྱིམིང་བཏགས་པ་རེད། ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞི་དང་ཆན་ལུང་གི་སྐབས་སུ་སྔ་རྟིང་དུ་ལ་ཞི་དང་། ཧྲུའུ་ལན། ཨ་སྨི་ཏ་བཅས་མངགས་ནས་རྟོག་ཞིབ་རུ་ཁག་སྒྲིག་འཛུགས་བྱས་ཏེ་རྨ་ཆུའི་ཆུ་འགོ་དང་མཚོ་གཉིས་ས་ཁུལ་རྟོག་ཞིབ་བྱས། ཉེ་རབས་ཨུ་རུ་སུའི་ས་རྒྱུས་སློབ་ཚོགས་བོད་ལྗོངས་མྱུར་ཞིབ་རུ་ཁག་གི་ཕུར་བ་སི་ཅིས་ཀྱང་མཚོ་སྐྱ་རིང་དང་སྔོ་རིང་ལ་རྟོག་ཞིབ་བྱས་མྱོང་ཞིང་། ལྷོ་ཕྱོགས་སུ་ཟབ་འཇུག་བྱས་ཏེ་བ་ཡན་ཧ་རིར་སླེབས་མྱོང་། བཅིངས་འགྲོལ་བཏང་རྗེས་རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་སྤེལ་མྱོང་།ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ།སྐབས་ཤིག་རིང་མཚོ་སྐྱ་རིང་དང་སྔོ་རིང་གི་ཆགས་གནས་གོ་ལྡོག་བྱུང་ཞིང་། པར་སྐྲུན་ཡིག་རིགས་དང་ས་བཀྲ་མང་པོའི་ནང་མ་དག་རྒྱུན་འབྱམས་བྱས་པ་དང་། ཐ་ན་ཕྱི་རྒྱལ་གྱི་ས་བཀྲ་ཕྱོགས་བསྡུས་ནང་དུ་ནོར་འཁྲུལ་དེ་བྱུང་རེད།ནོར་འཁྲུལ་འདི་ནི་༡༩༧༩ལོར་ད་གཟོད་ནོར་བཅོས་བྱས་ནས་ས་ཁུ་དེའི་གནས་ཚུལ་དངོས་དང་ལོ་རྒྱུས་ཀྱི་ཟིན་བཀོད་དང་མཐུན་པའི་ནུབ་ཏུ་མཚོ་སྐྱ་རིང་དང་ཤར་དུ་མཚོ་སྔོ་རིང་ཡིནཔའི་གནས་ཚུལ་བསྐྱར་གསོ་བྱས་པ་རེད།

མཚོའི་མཛེས་སྡུག་ཉམས་སུ་མྱོང་བ།

 ད་ལྟ་ང་ཚོས་རྨ་ཆུའི་ཆུ་འགོ་དང་མཚོ་གཉིས་ས་ཁུལ་དུ་རྟོག་ཞིབ་བྱེད་པར་སོང་བ་ཡིན་ན་སྔོན་ལས་ལས་སླ་པོ་ཡིན། རྨ་སྟོད་ནས་སྑུལ་འདིའི་ཕྱོགས་སུ་སོང་་ན། ས་ལམ་ཆུང་ཆུང་ཞིག་ཡོད། རྨ་ཆུའི་བཞུར་རྒྱུན་དེད་ནས་ནུབ་ཕྱོགས་སུ་སོང་ཚེ། ལམ་བར་དུ་བང་རྩལ་འགྲན་པའི་རི་དྭགས་དགོ་བ་དང་རྐྱང་། ཆུ་བྱ་སོགས་མང་པོ་རང་བྱུང་ཁམས་ཀྱིས་བསྩལ་བའི་བདེ་སྐྱིད་ལ་རོལ་བཞིན་པ་མཐོང་ཐུབ།

  རྨ་སྟོད་རྫོང་ནས་རླངས་འཁོར་ལ་བསྡད་དེ་སྤྱི་ལེ༥༠ལྷག་སོང་རྗེས་སྐད་གྲགས་ཆེ་བའི་རྨ་ཆུ་ཁ་ཞེས་པར་འབྱོར། ཆུ་བོའི་ཕ་རོལ་དུ་སྐྱ་རིང་དང་ཤང་དང་དགོན་པའི་དར་ལྕོག་མཐོན་པོ་རླུང་གིས་འདེད་བཞིན་ཡོད་པ་མཐོང་ཐུབ།དེ་སྔོན་སྐད་གྲགས་ཧ་ཅང་ཆེ་བའི་ཤིང་ཟམ་སྟེ་རྨ་ཆུའི་ཟམ་པ་ཨང་དང་པོ་ཞེས་པ་ད་ལྟ་མེད་པར་ཆགས་ཏེ་དེའི་ཚབ་ཏུ་ཆུ་གློག་ས་ཚིགས་གསར་པ་ཞིག་བརྒྱབ་ཡོད།

   དེ་ནས་ད་དུང་མདུན་ཕྱོགས་སུ་སྤྱི་ལེ༡༠ལྷག་སོང་ན་མཚོ་སྔོ་རིང་གི་བྱང་ངོས་སུ་སླེབས། མཚོ་སྔོ་རིང་ནི་མུ་མཐའ་བྲལ་བའི་གནམ་སྔོན་པོ་ས་ལ་ལྷུང་བ་དང་གཉིས་སུ་མ་མཆིས། ཡུལ་འདི་ནི་རྨ་ཆུ་མཚོ་གཉིས་དང་ཁ་བྲལ་རྗེས་མཚོ་སྔོ་རིང་ལས་མར་འབབ་པའི་དུས་ལ་འཁེལ་ཚེ།མཚོ་སྔོ་རིང་གིས་སྨུག་པ་དང་ན་བུན་གྱི་རྒྱན་ཆ་སྤྲས་པའི་སྒེག་ཉམས་ཅིས་ཀྱང་ངག་ནས་བརྗོད་དཀའ། གང་ལྟར་འདིར་གང་ས་གང་དུ་མཛེས་སྡུག་ལྡན་ཞིང་སྐུ་ཉིད་ཀྱི་ཡིད་དབང་འཕྲོག་ངེས་ཡིན།

   མཚོ་སྐྱ་རིང་དང་སྔོ་རིང་གི་བར་དུ་འགྱིང་ངེར་ལངས་པའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི༤༦༡༠ལྷག་ཡོད་པའི་མཚོ་བར་དཀར་རྩེ་རི་བོ་ནི་མཛེས་སྡུག་ལྡན་པའི་རི་བོ་ཞིག་ཡིན་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ༩༠ལྷག་ཡོད་ཅིང་། ཡུལ་སྐོར་བ་དག་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་འགྲོ་དུས་ངེས་པར་བརྒྱུད་དགོས་པའི་རི་བོ་ཞིག་ཡིན། རི་འགོ་རུ་རྨ་ཆུའི་ཆུ་འགོ་མཚོན་པའི་འབྲོང་མགོའི་རྡོ་རིང་ཞིག་བཙུགས་ཡོད་ལ།ཕྱོགས་བཞིར་ཁ་མདོག་སྣ་ཚོགས་ཀྱི་དར་དཔྱངས་འཐེན་ཡོད་པ་མ་ཟད། ག་ས་གང་དུ་མ་ཎི་རྡོ་འབུམ་གྱིས་ཁེངས། འདི་ནི་དུས་རབས་རིམ་བྱུང་གི་དད་ལྡན་པ་རྣམས་ཀྱིས་མཚོ་སྐྱ་རིང་དང་སྔོ་རིང་ལ་ཕུལ་བིའ་འབུལ་རྟེན་ཡིན། རི་འགོར་ལངས་དུས་མཚོ་སྐྱ་རིང་དང་སྔོ་རིང་གཉིས་ཀྱི་མཛེས་ཉམས་ཡོངས་སུ་མྱོང་ཐུབ། ཤར་ཕྱོགས་སུ་མཚོ་སྔོ་རིང་དང་ནུབ་ཕྱོགས་སུ་མཚོ་སྐྱ་རིང་ཡིན་ལ། ལྷོ་ཕྱོགས་ནི་མཚོ་གཉིས་ཀྱི་འབྲེལ་མཚམས་ཡིན། རི་བོ་མཚོ་བར་དཀར་རྩེའི་འདབས་སུ་མ་ཎི་རྡོ་འབུམ་གྱིས་བསྐོར་ཞིང་མཆོད་རྟེན་ནགས་ཚལ་གྱི་སྡོང་པོ་ལྟར་ལངས་པ་དང་དར་དཔྱངས་ཀྱིས་གཡོགས་པའི་དགོན་པ་ངོ་མཚར་ཅན་ཞིག་ཡོད། དགོན་པའི་ཉེ་འཁོར་གྱི་རི་འདབས་སུ་གཞི་ཁྱོན་ཅུང་ཆེ་བའི་དུར་ཁྲོད་ཅིག་གནས།   རྨ་ཆུའི་འགོའི་ས་ཁུལ་ཉིན་བཞིན་སྡུག་ཏུ་འགྲོ་བཞིན་པའི་སྣོད་བཅུད་འཁོར་ཡུག་སླར་གསོ་ཡོང་ཆེད། རྨ་སྟོད་ཀྱི་མཚོ་གཉིས་ས་ཁུལ་དུ་མི་དང་ཕྱུགས་ཟོག་ཕྱིར་གནས་སྤོ་བའི་ལས་དོན་གཞི་རྩའི་ཐོག་ནས་མཇུག་བསྒྲིལ་ཞིང་། སྔར་འདི་རུ་གནས་ཤིང་འཚོ་བའི་འབྲོག་ཁྱིམ་རྣམས་ཚང་མ་གནས་སྤས་ཟིན་པས། མཚོ་སྐྱ་རིང་དང་སྔོ་རིང་གཉིས་ཡང་བསྐྱར་མི་མེད་ཁུལ་དུ་གྱུར་པ་དང་། ཕྱི་ནས་ཡོང་བའི་མི་ཡང་འདིར་འགྲོ་རུ་མི་འཇུག  ཡོད་ཚད་ཕྱིར་རང་བྱུང་ཁམས་ལ་ཕུལ་བས་རྨ་ཆུའི་ཆུ་འགོའི་རི་དང་མཚོ་མཚེའུའི་མཛེས་སྡུག་དང་སྒེག་ཉམས་ཡང་བསྐྱར་མངོན་ངེས་ཡིན་པས། འདི་ནི་མི་རྣམས་ཀྱི་ཡིད་སེམས་ལ་སྤྲོ་སྣང་སྐྱེ་འོས་པའི་དོན་བཟང་ཞིག་རེད་ཨང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1