སྤྱི་ཟླ་11པའི་ཚེས་9ཉིན། མཛོད་དགེ་རྫོང་གིས་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་སྐོར་སྐྱོད་བྱེད་སྒོ་དང་“ལྗང་མདོག་གསར་བརྗེ་དང་རྒྱུ་སྤུས་ལེགས་སྤྱོད”ཀྱི་རྙིང་ཚབ་གསར་བརྗེའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཁྲེང་ཏུའུ་དང་ཏེ་དབྱང་གི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་45ཡིས་ལས་གནས་སྤུས་ལེགས་1400ལྷག་མཁོ་འདོན་བྱས་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། བྱེད་སྒོ་སྤེལ་ཡུལ་གྱི་ལས་དོན་མི་སྣས་ངང་རྒྱུད་རིང་མོས་ལས་ཀ་འཚོལ་མཁན་ལ་གླ་ཕོགས་དང་ལས་གནས་སོགས་ཀྱི་ཆ་འཕྲིན་འགྲེལ་བཤད་བྱས། ཞིང་ཆེན་རིམ་པའི་ལས་རིགས་མཛུབ་ཁྲིད་ཆེད་མཁས་པས་ཡུལ་དངོས་ནས་བློ་འདྲི་མཁན་རྣམས་ལ “གཅིག་གཏད་གཅིག”གིས་ལས་རིགས་མཛུབ་ཁྲིད་བྱས། ཡུལ་གྲོང་13ནས་ཡོང་བའི་ལས་ཀ་འཚོལ་མཁན་གྱིས་འགྲེམས་གནས་ཁག་ཏུ་བསམ་པའི་ལས་གནས་འཚོལ་བཞིན་ཡོད་པ་རེད།
སྟག་ཚ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་སངས་རྒྱས་རྒྱལ་གྱིས་གསར་འགོད་པར་ཐེངས་འདིའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་2024ལོའི་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་སྐོར་སྐྱོད་བྱེད་སྒོ་སྤེལ་རིང་ཁྲེང་ཏུའུ་དང་ཏེ་དབྱང་ནས་ཡོང་བའི་ཁེ་ལས་སྤུས་ལེགས་45ཡིས་ལས་གནས་1000མཁོ་འདོན་བྱས་ཡོད། ང་ཚོ་སྟག་ཚ་གྲོང་རྡལ་གྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཀྱི་སློབ་ཐོན་སློབ་མ་མང་པོ་ཞིག་གིས་ཡུལ་དངོས་ནས་གནས་ཚུལ་བློ་འདྲི་དང་ཐོ་འགོད་བྱས་ཡོད། ཁྲེང་ཏུའུ་དང་ཏེ་དབྱང་ཁེ་ལས་ཀྱིས་མཛོད་དགེའི་སློབ་མ་ཚོར་སེམས་ཁུར་དང་རོགས་རམ་བྱེད་པར་ཐུགས་རྗེ་ཆེ་ཞུ། ང་ཚོས་ལས་ཞུགས་ཁ་ཕྱོགས་གསལ་སྟོན་གྱིས་རྒྱ་ཆེའི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཐབས་ལམ་དང་ནུས་པ་ཆེ་རུ་བཏང་ནས། ལས་ཞུགས་ཀྱི་ལམ་བུ་བཏོད་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱ་བར་འབད་པ་ཧུར་ཐག་བྱ་ངེས་ཞེས་བཤད།
ཐེངས་འདིའི་གདན་ཞུའི་ཚོགས་འདུས་རང་རེའི་རྫོང་གི་ལས་ཞུགས་བྱུང་མེད་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། ཁྱིམ་ཚང་མང་པོར་མི་རེར་ལས་ཞུགས་ཐུབ་པ་དང་རང་རེའི་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སོགས་ལ་སྒུལ་ཤུགས་ཆེན་པོ་བསྐྲུན།
མཛོད་དགེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་མཚོས་གསར་འགོད་པར་ང་ཚོས་མཛོད་དགེ་རྫོང་གི་དགུན་དུས་ཆེད་དོན་ལས་བསྡུའི་ཚོགས་འདུ་འཚོགས་པ་ཡིན། ད་ཐེངས་ཀྱི་ལས་བསྡུའི་བྱེད་སྒོར་ལས་གནས་མང་པོ་མཁོ་འདོན་བྱས་ཡོད། ལས་བསྡུའི་ཚོགས་འདུའི་ཐོག་ལས་འཚོལ་མི་སྣས་ཀྱང་ཁེ་ལས་དང་ངོ་ཐུག་གདོང་འཕྲད་ཀྱིས་གླེང་མོལ་བྱས་ནས་གླ་ཕོགས་དང་ལས་གནས་སོགས་གསལ་པོར་བློ་ལ་ངེས་པར་བྱས་པས། ལས་འཚོལ་བ་མང་པོས་རང་ལ་འཚམ་པའི་བྱ་བ་རྙེད་ཐུབ་ཅེས་བཤད།
གླིང་བ་ཡུལ་ཚོའི་ལས་ཞུགས་བྱས་མེད་པའི་སློབ་མ་རིན་མཚོས་མཛོད་དགེ་རྫོང་ཨུ་དང་སྲིད་གཞུང་གིས་གོ་སྐབས་འདི་འདྲ་བྱིན་པར་ཐུགས་རྗེ་ཆེ་ཞུ། ད་ཐེངས་ཀྱི་བྱེད་སྒོར་དམིགས་སའི་རང་བཞིན་ཆེན་པོ་ལྡན་པ་དང་འགྲན་རྩོད་ཀྱི་གནོན་ཤུགས་བལྟོས་བཅས་ཀྱིས་ཆུང་བས། ང་ཚོར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་པོ་རྙེད་ཐུབ་ཅེས་བཤད།
དེ་དང་ཆབས་ཅིག “ལྗང་མདོག་གསར་བརྗེ་དང་རྒྱུ་སྤུས་ལེགས་སྤྱོད”ཅེས་པའི་རྙིང་ཚབ་གསར་བརྗེའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལྗང་མདོག་ཁྱིམ་སྤྱོད་གློག་ཆས་དང་རིག་ནུས་ཁྱིམ་ཆས། ལག་ཁྱེར་ཁ་པར་སོགས་ཐོན་རྫས་རིགས་18ཡོད། ཁྱིམ་སྤྱོད་གློག་ཆས་བརྒྱུད་ཚོང་ཁང་དང་ལས་དོན་མི་སྣས་སྒྲོག་ཡིག་འགེལ་བ་དང་། བརྡ་ཁྱབ་སྦྱར་བ། སྒྲོག་ཤོག་བཀྲམ་བ། ཆེད་བསྐོས་མི་སྣས་གསལ་འགྲེལ་བྱེད་པ། བྱ་དགའ་འདེམས་པ་སོགས་བརྒྱུད་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་ཁ་གསབ་སྲིད་ཇུས་དང་ཚོང་པས་རྩེག་སྣོན་གཟིགས་སྐྱོང་བྱེད་ཐབས་གཅིག་བསྡུས་ཀྱིས་དྲིལ་སྒྲོག་བྱས་ཏེ། མང་ཚོགས་མང་པོར་འཛད་སྤྱོད་ཐོན་རྫས“རྙིང་ཚབ་གསར་བརྗེ”ཡི་དམངས་བདེ་དམངས་ཕན་གྱི་བྱེད་སྒོའི་ཁྲོད་དུ་ཞུགས་སུ་བཅུག “མི་ཚང་མས་གསལ་པོར་རྟོགས་པ་དང་ཚང་མ་ལས་སྒོར་ཞུགས་པའི”རྣམ་པ་བཏོད་དེ། རྒྱ་ཆེའི་མང་ཚོགས་རྣམས་ལ་རིག་ནུས་མཐོ་ལ་སྤུས་ཚད་ལེགས་པ། ཞབས་ཞུ་ལེགས་པ་བཅས་ཀྱི་འཛད་སྤྱོད་ཐོན་རྫས་མྱོང་རོལ་ཐུབ་པ་བྱས་ནས། ལྗང་མདོག་དང་འཁོར་རྒྱུག རྒྱུན་མཐུད་བཅས་ཀྱི་འཛད་སྤྱོད་མ་ལག་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིང་།
མཛོད་དགེ་རྫོང་དཔལ་འབྱོར་དང་ཆ་འཕྲིན་ཅུས་ཀྱི་ལས་དོན་པ་ཝུའུ་རུའོ་ཡིས་གསར་འགོད་པར་ང་ཚོས་བྱེད་སྒོ་དེ་སྤེལ་དོན་ནི་ཚང་མས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པའི་ཕན་བདེ་ཤེས་རྟོགས་དང་ལོངས་སྤྱོད་ཐུབ་པ་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་བཤད།
ཐེངས་འདིའི་བྱེད་སྒོར་སྒྲོག་ཤོག་3000ལྷག་བཀྲམ་པ་དང་། ཁྱིམ་སྤྱོད་གློག་ཆས་40ལྷག་ཚོང་འགྲིག་པ་དང་རིན་གོང་སྒོར་ཁྲི་8ལྷག་ཟིན། མང་ཚོགས་ཞུགས་ཚད་དང་བྱེད་སྒོ་ཤེས་ཚད་ཆེ་རུ་བཏང་།
མང་ཚོགས་སྐལ་ཁོས་གློག་ཆས་རྙིང་ཚབ་གསར་བརྗེའི་བྱེད་སྒོ་ཧ་ཅང་ཡག་པོ་འདུག །རྒྱལ་ཁབ་ཀྱིས་ཁ་གསབ་15%སྤྲོད་ཀྱི་འདུག །དེ་ནི་ང་ཚོ་མི་སེར་ལ་ཕན་ཐོགས་ཆེན་པོ་འདུག །རྙིང་ཚབ་གསར་བརྗེ་བྱས་པ་བརྒྱུད་བེད་མེད་དུ་ལུས་པའི་གློག་ཆས་རྙིང་པ་དེ་དག་གསར་པ་བརྗེ་ཐུབ་ཀྱི་ཡོད། སྒོར་མོ་མི་ཉུང་བ་ཞིག་གྲོན་ཆུང་བྱ་ཐུབ། དེ་རིང་ངས་ད་དུང་བྱ་དགའ་ཨང་གསུམ་པ་བླངས་པ་ཡིན། ཧ་ཅང་ཡག་པོ་འདུག་སྙམ། རྗེས་སུ་བྱེད་སྒོ་དེ་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད། །