༄༅།།མདའ་བཞི་ཚོ་བའི་གཉེན་སྲོལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 11-15


མདའ་བཞི་ནི་མཚོ་སྔོན་པོའི་འགྲམ་རྒྱུད་དུ་གནས་པའི་གནའ་བོའི་བོད་རིགས་ཀྱི་ཚོ་ཁག་ཆེན་པོ་ཞིག་ཡིན་ཞིང་། ད་སྐབས་ཡུལ་འདིར་འཚོ་ཞིང་གཞིས་ཆགས་པའི་བོད་མི་རྣམས་ལ་མདའ་བཞི་ཚོ་བ་ཞེས་འབོད་ཀྱིན་ཡོད། མདའ་བཞིའི་བོད་རིགས་རྣམས་མི་རབས་མང་པོའི་རིང་ལ་མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་ཆགས་ཤིང་། སྔར་སྲོལ་གྱི་གོམས་གཤིས་དང་ཆ་ལུགས་མ་དོར་བར་དུས་ད་ལྟའི་བར་དུ་གནས་ཡོད།

གཅིག དགའ་རོགས་སྒྲིག་པ།  བོད་མིའི་སྲོལ་རྒྱུན་དུ་མཛའ་གྲོགས་ཆུང་དུས་སུ་བཙལ་ཞིང་། དེ་ལྟར་བྱས་ན་ཕོ་མོ་ཕན་ཚུན་བར་དུ་བརྩེ་དུང་ཟབ་མོ་ཞིག་ཆགས་ཐུབ། དེ་བས་བོད་རིགས་ཀྱི་སྐྱེས་པ་ཕོ་མོ་མང་ཆེ་ཤོས་ནི་ལོ་བཅོ་ལྔའི་གཡས་གཡོན་དུ་འཇིག་རྟེན་མཐུན་སྦྱོར་གྱི་ལས་ལ་འཇུག་བཞིན་ཡོད། བུད་མེད་ཚོ་ལོ་བཅོ་ལྔར་སླེབས་རྗེས་སྐྲ་ཕབ་ཀྱི་ཡོད་ལ། 

ཉིན་དེར་སྐྲ་ལན་བུ་གཅིག་བསླས་རྗེས་བྱིས་པའི་ལང་ཚོ་རྫོགས་ནས་གཞོན་གྲལ་དུ་ཚུད་པའི་རྟགས་མཚོན་གྱིན་ཡོད། མདའ་བཞི་ཚོ་བའི་གོམས་སྲོལ་དུ་འབྱོར་བ་ཅུང་བཟང་བའི་ཁྱིམ་ཚང་གིས། བུད་མེད་ཚོ་སྐྲ་བསླས་རྗེས་རང་ལ་དབང་བའི་རས་གུར་ཆུང་ཆུང་རེ་བཟོ་བའི་སྲོལ་ཡོད།

གཉིས། གཉེན་སློང་བ། མདའ་བཞི་ཚོ་བའི་གཉེན་སྲོལ་ལ་གཙོ་བོ་གཉེན་བཤད་དང་གཉེན་སློང་བའི་རྣམ་པ་གཉིས་ཡོད། གཉེན་སློང་བར་ཐད་ཀར་གཉེན་སློང་བ་དང་ལྐོག་ཏུ་ཁྲིད་པའི་རྣམ་པ་གཉིས་སུ་ཕྱེས་ཤིང་།

ཐད་ཀར་གཉེན་སློང་བ་ཞེས་པ་ནི་གཉེན་ཚང་ཚང་གི་བར་བས་སློང་རྟེན་ཁྱེར་ཏེ་ཨ་ཞང་ཚང་དུ་བག་མ་སློང་དུ་འགྲོ་བའི་རྣམ་པར་ཟེར་ཞིང་། སློང་རྟེན་ལ་ཁ་བཏགས་དང་། ཇ། ཆང་སོགས་ཀྱི་ལེགས་སྐྱེས་ཇ་ནོམ་པ་ཡོད། ཅིག་ཤོས་ནི་བག་མ་ལྐོག་ཏུ་ཁྲིད་ནས་གཉེན་རྗེས་སུ་སློང་བར་ཟེར། ན་གཞོན་ཕོ་མོ་ཟུང་གཉེན་སྒྲིག་རང་འཐད་ཡིན་མོད། བུ་མོའི་ཕ་མ་གཉིས་ཀ་

འཐད་པ་མ་བྱུང་བའི་སྐབས་སུ། ཕན་ཚུན་གྱི་བར་ལ་གསང་རྒྱ་བྱས་ཏེ་ཉིན་བཟང་སྐར་བཟང་གི་ཉི་མ་ཞིག་འདེམས་རྗེས། ཉིན་དེའི་དགོང་མོར་སྐྱེས་པའི་རང་གི་གཉེན་ཉེ་གྲོགས་པོ་འགའ་ཁྲིད་དེ་ཆུང་མ་བརྐུ་རུ་འགྲོ་ཞིང་། ཕ་རོལ་གྱི་ཁྱིམ་ཚང་ལ་ཤེས་སུ་མ་བཅུག་པར་མཚན་མོར་ལྐོག་ཏུ་རང་ཁྱིམ་ལ་ཁྲིད་ཡོང་། ཁྱིམ་ཚང་དེ་གའི་སྒོ་གླེགས་གང་རུང་དུ་ཁ་བཏགས་ཡུག་གཅིག་འདོགས་ཤིང་། 

གཙོ་བོ་བུ་མོ་གཞན་གྱིས་ལྐོག་ཏུ་གཉེན་ཁྲིད་བྱས་སོང་བ་མཚོན་ཆེད་ཡིན། སྤྱིར་བཏང་བག་མ་ལྐོག་ཁྲིད་བྱས་པའི་ཕྱི་ཉིན་ཁྱིམ་ཚང་དེ་གའི་རྒན་པ་ཞིག་དང་བར་བས་སློང་རྟེན་ཁྱེར་ཏེ་ཨ་ཞང་ཚང་ལ་གཉེན་སློང་དུ་འགྲོ་ལ། བར་བ་ནི་ཤེས་རྒྱ་མཐོང་རྒྱ་ཅན་ཞིག་ཡིན་དགོས་པར་མ་ཟད་གཉེན་སྒྲིག་བདེན་དཔང་བྱེད་མཁན་ཡིན། གཉེན་སློང་བའི་གོ་རིམ་ཁྲོད་དུ་ཆེས་མེད་དུ་མི་

རུང་བའི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན། གཉེན་སློང་སྐབས་བུ་མོའི་ཕ་མ་གཉིས་ཀྱིས་རང་ཚང་གི་བུ་མོ་གནས་ལ་སྟེར་རྒྱུ་མིན་ཚུལ་བཤད་ཏེ། ཐེངས་ཁ་ཤས་ལ་གཉེན་སློང་དུ་འགྲོ་དགོས་པའི་རྣམ་པའང་ཡོད།  ཡིན་ནའང་བར་བ་ལ་མཚོན་ན་དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། དེ་ལྟར་ཕར་བཤད་ཚུར་བཤད་བྱས་མཐར་ཕྱི་ཚུལ་ནས་མི་ཐད་པའི་རྣམ་འགྱུར་སྟོན་ཡང་། སློང་རྟེན་གྱི་ལེགས་སྐྱེས་དེ་དག་བླངས་ཚེ་བུ་མོ་གནས་ལ་བྱིན་པ་ཡིན། 

གསུམ། གཉེན་རྟགས་རྒྱག་པ།    མདའ་བཞི་ཚོ་བའི་གོམས་སྲོལ་ལ། གཉེན་སློང་དུ་སོང་ནས་བག་མ་བྱིན་ཡང་མ་བྱིན་རུང་། གཉེན་ཚང་ཚང་གིས་ལྐོག་ཏུ་ཁྲིད་ཡོང་བའི་བག་མ་ངེས་པར་དུ་ཕྱིར་ཨ་ཞང་ཚང་དུ་སྐྱེལ་དགོས། སྐྱེས་པ་དེར་མཚོན་ན། གཉེན་སྒྲིག་གི་གོ་རིམ་ཧྲིལ་བོ་ཡོངས་སུ་མཇུག་བསྒྲིལ་རྗེས། ད་གཟོད་སྤྱི་ཚོགས་སྟེང་ཁྲིམས་མཐུན་ཀྱི་ཁྱོ་ཤུག་ཡིན་པའི་ཁས་ལེན་ཐོབ་ཐུབ། གཉེན་རྟགས་རྒྱག་སྐབས་མཛད་སྒོ་ཆེ་ཆུང་གཉིས་སུ་ཕྱེ་ཞིང་། སོ་སོར་རྣམ་པའི་ཆ་ནས་མི་འདྲ། སྤྱིར་བཏང་མཛད་སྒོ་ཆུང་བའི་སྟེང་དུ་སློང་རྟེན་གྱི་ལེགས་སྐྱེས་ཕུལ་ནས། ཕན་ཚུན་གཉེན་གྱི་འབྲེལ་བ་བྱེད་ཅིང་ཉིན་བཟང་སྐར་བཟང་ཞིག་ལ་གཉེན་སྟོན་བྱེད་པར་གྲོས་བྱེད། མཛད་སྒོ་ཆེ་བ་ཅུང་གཟབ་རྒྱས་ངང་བསྡུ་ཞིང་ཕྱོགས་གཉིས་ཀའི་གཉེན་འབྲེལ་དངོས་སུ་ཚུགས། བུ་མོ་གནས་ལ་འགྲོ་སྐབས། བག་མ་མ་བསུ་བའི་སྔོན་དུ། གཉེན་ཚང་ཚང་གིས་ཨ་ཞང་ཚང་གི་མི་རྩ་གལ་ཆེན་རྣམས་ལ་གཞིགས་ནས་སློང་རྟེན་གྱི་ལེགས་སྐྱེས་ཆ་ཚང་སྟེར་དགོས་ལ། ཇ་དང་ཁ་བཏགས། ཆང་གསུམ་ངེས་པར་དུ་ཚང་དགོས། ཁ་བཏགས་ཀྱིས་ལྷག་བསམ་མཚོན་ཞིང་། ནང་བསྟན་ཆོས་ལུགས་ཀྱི་དད་མོས་ལྟར་ཡར་ལྷ་ལ་གསོལ་འདེབས་དང་། ཁྱིམ་ཚང་ལ་བདེ་སྐྱིད་ཡོང་བའི་བཀྲ་ཤིས་པའི་སྨོན་འདུན་ཞིག་ཀྱང་ཡིན། ཇ་ནི་གནའ་བོའི་བོད་ཀྱི་ལུགས་སྲོལ་ཁྱད་པར་བ་ཞིག་ཡིན་པར་མ་ཟད། ཇི་སྲིད་བསྐལ་བའི་བར་དུ་འཚོ་བ་རྟག་བརྟན་ཡོང་བའི་མཚོན་བྱེད་ཀྱང་ཡིན། ཆང་ནི་ཆེས་མེད་དུ་མི་རུང་བའི་ལེགས་སྐྱེས་ཡིན་ལ་དེས་བརྩི་བཀུར་དང་ལྷག་བསམ་མཚོན་གྱིན་ཡོད། སློང་རྟེན་འབུལ་སྐབས། གཉེན་ཚང་གིས་ཁྱེར་ཡོང་བའི་བདུད་རྩི་མཉམ་དུ་གཙང་བཞེས་གནང་ཞིང་། འདི་ནི་གནའ་བོའི་བོད་རིགས་ཀྱི་གོམས་སྲོལ་ཞིག་ཡིན། མི་རྣམས་ཀྱིས་དགའ་སྤྲོའི་དགོད་སྒྲ་དང་བཀྲ་ཤིས་སྨོན་འདུན་གྱི་ཁ་གཡང་དྲོན་མོའི་ཁྲོད། ཆང་དཀར་གསོལ་ཅིང་ཕྱོགས་གཉིས་ཀའི་གཉེན་དོན་གྱི་འབྲེལ་བ་མཐའ་འཁྱོལ་ཡོང་བར་བྱེད། སྔོན་ཆད་ཁྱིམ་ཚང་ཕྱུག་པོས་རྟ་ནོར་ལུག་གསུམ་དང་། ས་ཞིང་། ནོམ་པ་སོགས་རྒྱུ་ནོར་འབོར་ཆེན་སློང་རྟེན་དུ་འབུལ་ཞིང་། སྲོལ་རྒྱུན་ལ་ཕ་མའི་དྲིན་ལན་གཟོ་ཕྱིར་རྟ་རྟེའུ་ཁྲིད་དང་། འབྲི་བེའུ་ཁྲིད་སོགས་སྟེར་སྲོལ་ཡང་ཡོད་པར་བཤད།

 བཞི། ཁྱིམ་ནས་སྒུག་པ།  སྤྱིར་བཏང་གཉེན་སྟོན་གྱི་ཉིན་མོ་ནི་རྩིས་པར་རྩིས་བྱེད་དུ་བཅུག་ནས་གཏན་འཁེལ་བྱེད་པ་ཞིག་ཡིན་ཞིང་། སློང་རྟེན་བྱིན་རྗེས་ཕྱོགས་གཉིས་ཀའི་ཁྱིམ་ཚང་གིས་གཉེན་སྟོན་གྱི་བྱ་བར་གྲ་སྒྲིག་བྱེད། གཉེན་ཚང་ཚང་གིས་རུ་སྐོར་གྱི་ཁྱིམ་མི་བོས་ནས་སྦྲ་གུར་ཕུབ་ཅིང་སྡེར་ཁ་གྲ་སྒྲིག་བྱེད། ཨ་ཞང་ཚང་ལ་མཚོན་ན། གཙོ་བོ་བུ་མོའི་གྱོན་གོས་དང་རྒྱན་ཆ་གྲ་སྒྲིག་བྱེད། གཉེན་སྟོན་ལ་མ་སླེབས་པའི་ཉིན་འགའི་སྔོན་དུ། གཉེན་ཚང་ཚང་གིས་ཨ་ཞང་ཚང་གི་རེ་བ་ལྟར། བུ་མོར་རྒྱན་འདོགས་ཆ་དང་བག་རྟ་གྱོ་གྱོ་ཞིག་སྟེར་དགོས་བའི་སྲོལ་ཡོད། གཉེན་ཚང་ཚང་གིས་བག་མ་མ་བསུ་བའི་སྔོན་གྱི་ཉིན་དེར། ཨ་ཞང་ཚང་གིས་བུ་མོའི་འགོ་སྐྲ་བསླས་ནས་བུ་མོ་གནས་ལ་སྐྱེལ་བར་གྲ་སྒྲིག་འཐུས་ཚང་བྱེད།

 ལྔ། གནས་ལ་རྫོངས་པ།  གནས་ལ་མ་སོང་གོང་གི་ཞོགས་པར་ཁྱིམ་མི་གང་བོས་ལྷ་བསང་བཏང་ནས་ལྷ་ལ་སྐྱབས་འཇུག་ཞུ་ཞིང་། མདའ་བཞི་ཚོ་བར་བུ་མོ་གནས་ལ་འགྲོ་ཁར་ངུ་བའི་སྲོལ་ཞིག་ཀྱང་ཡོད། སྤྱིར་བཏང་གཉེན་སྟོན་ནི་བཀྲ་ཤིས་པའི་དོན་དག་ཞིག་ཡིན་པས་ངུ་བར་མི་རུང་མོད། བུ་མོ་གནས་ལ་འགྲོ་ཁར་རང་གི་ཕ་མ་དང་། ཕུ་ནུ་མིང་སྲིང་ཚང་མ་བསྐྱུར་ནས་འགྲོ་དགོས་པས་ནང་ཁྱིམ་མིར་ཞེ་འཁྲེང་གི་ཡོད། བུ་མོ་སྐྱེལ་དུས་ཁྱིམ་ཚང་གི་སྦྲར་གཡས་སྐོར་ལམ་གསུམ་བརྒྱབ་རྗེས་ལམ་དུ་ཆས་ལ། དེ་ལྟར་བྱེད་དོན་ཡང་ཕ་མའི་བྱམས་བརྩེར་དྲིན་ལན་འཇལ་ཕྱིར་ཡིན།

དྲུག བག་བསུ།  བག་མ་བསུ་ལེན་བྱེད་སྐབས་གཉེན་ཚང་ཚང་གིས་ས་ཚུགས་གསུམ་ནས་མཆོད་ཁ་འཕེན་ཞིང་། དེ་ཡང་ཨ་ཞང་ཚང་ལ་བརྩི་འཇོག་དང་ས་ཆ་དེ་གའི་ཆོས་སྐྱོང་སྲུང་མ་རྣམས་དགྱེས་བྱེད་དུ་ཡིན། ས་ཚུགས་རེ་ནས་གཉེན་ཚང་ཚང་གི་སྣེ་ཁྲིད་པས་ཁ་གཡང་དྲོན་མོའི་མཆོད་ཁ་འཕེན་ཞིང་། ཆེས་མཇུག་མཐའི་མཆོད་ཁ་འཕེན་སྐབས་ཨ་ཞང་ཚང་གི་རྒན་རབས་པས་དཀོན་མཆོག་གསུམ་ལ་མཆོད་པ་གཏོང་ཞིང་། གཉེན་ཚང་ཚང་གི་བག་བསུ་བ་རྣམས་ཀྱིས་ཨ་ཞང་ཚང་གི་བག་སྐྱེལ་བར་སྐོར་བ་ལམ་གསུམ་རྒྱག་པར་བྱེད། ཕྱི་བལྟས་ཀྱིས་རྟ་རྒྱུགས་རོལ་རྩེད་ཀྱི་རྣམ་པ་ཞིག་ཀྱང་མངོན་གྱི་ཡོད། མནའ་མ་ཁྱིམ་ལ་མ་བསུ་བའི་སྔོན་ལ། གཉེན་ཚང་གིས་ཞེང་ལ་མུས་བཅུ་གསུམ་ཡོད་པའི་འབབ་རྟགས་ཤིག་གྲ་སྒྲིག་བྱས་ཡོད་ཅིང་། འབབ་རྟགས་དེ་ཨ་ཞང་ཚང་གི་བག་སྐྱེལ་མཁན་ཞིག་གིས་ལེན་དགོས་ལ། དེ་ཡང་བུ་བུ་མོ་གཉིས་ཀ་བདེ་སྐྱིད་ལྡན་ཞིང་ཕྱོགས་གཉིས་ཀའི་ཁྱིམ་ཚང་གི་གཉེན་དོན་མཐའ་འཁྱོལ་ཡོང་བའི་ཆེད་དུ་ཡིན།

བདུན། གཉེན་སྟོན།  མདའ་བཞི་ཚོ་བའི་གཉེན་སྟོན་ལ་གོ་རིམ་རྣམ་པ་གཉིས་ཡོད། གོ་རིམ་དང་པོ་མག་འབོད་ཡིན། མག་འབོད་ཅེས་པ་ནི་མག་གསར་ཁྱིམ་དུ་བསུ་བ་དེར་ཟེར། དེ་ཡང་ཨ་ཞང་ཚང་གིས་རང་གི་གཉེན་ཉེ་བོས་ནས་གཉེན་སྟོན་གྱི་མཛད་སྒོ་སྤེལ་ཞིང་། མག་འབོད་བྱེད་པའི་ཉིན་དེར། ཨ་ཞང་ཚང་གིས་བན་སྔགས་གང་རུང་ཞིག་གདན་དྲངས་ནས་ལྷ་མཆོད་བསང་གཏོང་བྱེད་ལ། གཙོ་བོ་ཁྱིམ་མི་བདེ་སྐྱིད་དང་ནད་གདོན་བགེགས་རིགས་ཐམས་ཅད་ལས་གྲོལ་ཆེད་ཡིན། ཨ་ཞང་ཚང་གི་གཉེན་ཉེ་དང་ཕྱོགས་ཡོངས་ཀྱི་སྐུ་མགྲོན་ཚང་མས་ལེགས་སྐྱེས་དང་སྨོན་ཚིག་མང་པོ་བལྟམས་ཡོང་།

བར་བས་མག་རྟ་དང་མག་སྐྱེལ་བ་ཁྲིད་ནས་ཨ་ཞང་ཚང་ལ་ཕེབས་སྐབས། ཨ་ཞང་ཚང་གིས་ས་ཚུགས་གསུམ་དུ་མཆོད་ཁ་བཟུང་ནས་སྟ་གོན་བྱེད་ཅིང་། མག་པ་སྦྲ་ནང་དུ་མ་འཛུལ་གོང་། མག་སྐྱེལ་བ་རྣམས་ལོ་ཡི་རིམ་པ་ལྟར་སྦྲ་ནང་དུ་འགྲོ་དགོས་ལ། མག་པ་སྦྲ་སྒོར་འབྱོར་སྐབས། བུད་མེད་ཅིག་གིས་ལག་གཡས་པར་ཁ་བཏགས་དང་། གཡོན་པར་བཞོ་ཟེའུ་ནང་དུ་འོ་མ་བཟུང་ནས་མཆོད་ཁ་འཕེན་ཞིང་། དུས་མཉམ་དུ་བཀྲ་ཤིས་པའི་སྨོན་ཚིག་ཕུལ་ནས་མག་སྐྱེལ་བའི་རྟ་ཁ་བསུ། སྐབས་དེར་མག་སྐྱེལ་བས་ཁ་བཏགས་ཕྱིར་རྟ་ཁ་བསུ་མཁན་གྱི་བུད་མེད་དེར་སྟེར། ཁྱིམ་ལ་འཛུལ་རྗེས་བར་བས་བཀྲ་ཤིས་པའི་རྟགས་མཚན་དུ་ཁ་བཏགས་གཉིས་བཟུང་ནས། གཅིག་སྦྲའི་ཆོན་མགོར་འཕེན་ཞིང་། གཅིག་མཆོད་གཤོམ་སྟེང་དུ་འཕེན། དེ་རྗེས་སུ་ཨ་ཞང་ཚང་གིས་གཉེན་ཚང་ཚང་གི་མགྲོན་པོ་རྣམས་ལ་གསོལ་ཇ་འདྲེན་ཞིང་། ཕྱོགས་གཉིས་ཀྱིས་ཐུགས་ཡང་མོའི་སྒོ་ནས་ཁ་བརྡ་ཞིག་བྱས་རྗེས། མག་སྐྱེལ་བ་རྣམས་སྦྲ་སྒོར་སོང་ནས་མཉམ་དུ་གྲོས་ཞིག་བྱས་རྗེས་ཕྱིར་སྦྲ་གུར་ནང་དུ་འཛུལ།

བར་སྐབས་འདིར་བག་མ་ཡང་སྦྲ་གུར་ནང་ཕྱོགས་ཀྱི་གཡས་ཟུར་དུ་ཐོན་ཡོད་ལ། ལོ་རིས་བར་ཁ་འགྲིག་པའི་བག་རོགས་གཉིས་ཀྱིས་འདུག་རོགས་བྱེད། དུས་མཉམ་དུ་བུ་མོ་གནས་ལ་བྱིན་པའི་མཚོན་བྱེད་དུ་བག་མའི་སྐྲ་ནང་དུ་ཁ་བཏགས་དཀར་པོ་ཞིག་འདོགས། ཨ་ཞང་ཚང་གིས་གཉེན་ཚང་ཚང་གི་མག་སྐྱེལ་བ་རྣམས་ལ་གསོལ་ཇ་འདྲེན་ཞོར་རྒན་པ་བསམ་ཤེས་ཤིག་གིས་ཁ་བརྡ་བྱེད་ཅིང་། གཉེན་ཚང་ཚང་གི་

གྲལ་མགོར་བཞུགས་མཁན་ཚོས་གཏམ་བཤད་ཚར་རྗེས། བར་བས་བག་མའི་ཕ་མ་གཉིས་ཀར་ལེགས་སྐྱེས་འབུལ་ཞིང་། དུས་མཉམ་དུ་ཨ་ཞང་ཚང་གིས་གཉེན་ཚང་ཚང་ལ་སྙན་མོ་གླུ་ཡི་འགྱུར་ཁུགས་ཁྲོད་བདུད་རྩི་ཆང་གི་མཆོད་ཁ་འདྲེན་པར་བྱེད། དུས་མཚུངས་སུ་ཨ་ཞང་ཚང་གི་མི་སྙན་གྲགས་ཅན་ཞིག་གིས་མག་པར་སྐ་རགས་བཅིངས་ནས་སྟོན་བཤད་བྱེད། སྟོན་མོ་མཇུག་སྒྲིལ་ཁར་གཉེན་ཚང་ཚང་གི་མག་སྐྱེལ་བ་ཚང་མར་ཆང་སྐལ་སྟེར།

སྐྲ་དར་འདོགས་པའི་ཆོ་ག་མཇུག་བསྒྲིལ་རྗེས་ཇ་མཆོད་དང་ཆང་མཆོད་འཕེན་ཞིང་། སྟོན་བཤད་སོགས་ཀྱི་མཛད་སྒོ་སྤེལ། ཚད་ལྡན་གྱི་གུས་སྲོལ་དེ་དག་དང་བརྗིད་ཉམས་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་པའི་ནང་དོན་བརྒྱུད་སྒྲོག་བྱས་པ་དེས། ཁྱིམ་ཚང་གི་དར་རྒུད་དང་མི་ཚེའི་བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་བྱེད་པར་ཁ་དན་འཇོག་པ་དང་། དུས་མཚུངས་སུ་གཉེན་སྟོན་གྱི་གུས་སྲོལ་རིམ་པ་རེ་རེ་བཞིན་མིག་གི་དགའ་སྟོན་དུ་ཤར་ཡོང་། མདའ་བཞི་ཚོ་བའི་གཉེན་སྟོན་ཁྲོད། གཉེན་ཚང་གིས་ཨ་ཞང་ཚང་གི་སྐུ་མགྲོན་རྣམས་ལ་བརྩི་འཇོག་བྱེད་ཅིང་། ཁོ་ཚོས་གཏམ་ཅི་ཞིག་བཤད་ཀྱང་གཉེན་ཚང་ཚང་གིས་དེར་ཁ་ལེན་ཚིག་བརྩི་བྱེད། གོམས་སྲོལ་ལྟར་ན་ཨ་ཞང་ཚང་གིས་གཉེན་ཚང་གི་སྣེ་ལེན་གཟབ་རྒྱས་བྱས་པར་བཀའ་དྲིན་ཞུ་དགོས་པར་མ་ཟད། དེར་ཡོད་ཀྱི་མི་རྣམས་ལ་ལེགས་སྐྱེས་སྟེར་དགོས། བག་གསར་གྱི་རྫོངས་སྐལ་རྣམ་པ་གཉིས་སུ་བྱས་ནས་སྟེར་ཞིང་། གཉེན་སྟོན་བྱེད་པའི་ཉིན་དེར་གཙོ་བོ་ཁྱིམ་ཚང་གི་མཁོ་ཆས་ལེགས་སྐྱེས་སུ་འབུལ་ཞིང་། རྟ་ནོར་ལུག་གསུམ་གྱི་རྫོངས་སྐལ་ཁྱེར་ཡོང་།

 མདའ་བཞི་ཚོ་བའི་བོད་རིགས་རྣམས་གླུ་ལེན་གར་རྩེད་བྱེད་རྒྱུར་དགའ་ཞིང་། གཉེན་སྟོན་སྟེང་དུ་མི་སུ་ཡིན་ཡང་སྙན་མོ་གླུ་ཡི་དབྱངས་རྟ་ངག་ལ་དྲངས་ནས། རང་སེམས་ཀྱི་འདུན་མ་འདིར་འཚོགས་ཁྲོམ་པར་དྲངས་ཆོག དུས་དེར། མི་རྣམས་ཀྱིས་ཁ་བཏགས་དང་སྨོན་ཚིག་བསྣམས་ནས་དགྱེས་འཛོམས་ཀྱི་གཉེན་སྟོན་ལ་རོལ་ཆོག གཉེན་ཚང་ཚང་གིས་གྲ་སྒྲིག་བྱས་པའི་ཕུན་སུམ་ཚོགས་པའི་ཟས་རིགས་ཁྲོད། ལ་ལ་ཞིག་གཉེན་སྟོན་ཐོག་ཏུ་མ་གཏོགས་དུས་རྒྱུན་མཐོང་མི་ཐུབ་མོད། རྒྱས་ཟ་རྒྱས་འཐུང་དེ་འདྲ་མི་བྱེད། ཡིན་ཡང་གཉེན་སྟོན་སྟེང་གི་ཟས་རིགས་སྣ་མང་ལ་བྲོ་བ་ཧ་ཅང་ཞིམ། ཉིན་གཉིས་པའི་ཞོགས་པར། བག་མས་བལ་གྱིས་བསྐྱིས་པའི་ཐོམ་བུ་ཞིག་གི་ནང་དུ་འོ་མའི་མཆོད་ཁ་འཕེན་ཞིང་། སྔོན་ལ་དཀོན་མཆོག་གསུམ་ལ་མཆོད་པ་འཕེན། དེ་རྗེས་རང་གི་སྒྱུག་པོ་དང་སྒྱུག་མོ་གཉིས་ཀར་གསོལ་ཇ་འདྲེན། ཆོ་ག་དེས་བག་གསར་ཁྱིམ་ཚང་དེ་ཚང་གི་བདག་མོར་ཉན་སོང་པ་མཚོན། མདའ་བཞི་ཚོ་བར་བུ་མོ་སྐྱེལ་བར་ངེས་གཏན་གྱི་དུས་ཚོད་ཅིག་མེད་མོད། ཁྱིམ་ཁ་གཉིས་ཀ་གྲོས་འཆམ་བྱུང་རྗེས། གཉེན་བསྒྲིག་བྱས་ནས་ཉིན་བཅུའི་རྗེས་སུ་བག་མ་སྐྱེལ་བ་ཡིན། 

བརྒྱད། འཕྲད་དུ་སྐྱེལ་བ།  བག་གསར་འཕྲད་དུ་སྐྱེལ་སྐབས། ཨ་ཞང་ཚང་གིས་གྲྭ་སྔགས་གང་རུང་ཞིག་བོས་ནས་གཡང་འགུག་བྱེད་ཅིང་། ལམ་བར་དུ་བག་གསར་དང་མག་གསར་གཉིས་ཀས་ངོ་གདོང་ཕུ་ཐུང་གིས་བཀབས་ནས་གཞན་ལ་མཐོང་དུ་མི་འཇུག སྦྲ་གུར་ནང་འཛུལ་རྗེས་ཁ་བཏགས་དང་ཇ་མཆོད། ཆང་མཆོད་སོགས་གཏོང་བར་བྱེད། ལུགས་སྲོལ་སྣ་མང་འགྲེམས་སྟོན་བྱེད་དགོས་པའི་ཕན། སྤྱི་ཚོགས་སྟེང་གི་དགའ་འོས་པའི་བྱ་འགུལ་ཞིག་ཡིན་པའི་ཆ་ནས། མདའ་བཞི་ཚོ་བའི་བོད་རིགས་གཉེན་སྲོལ་གྱི་ནང་དུ་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་སྣ་མང་པོ་ཞིག་འདྲེས་ཡོད།

 སྟོན་བཤད་ནི་དེའི་ཁྲོད་ཀྱི་གཅིག་ཡིན། གཙོ་བོ་མདའ་བཞི་ས་ཆའི་ཡུལ་ལྷ་གཞི་བདག་དང་ལྷ་ཀླུ་གཉན་གསུམ་ལ་བསྟོད་པ་བྱེད་ཅིང་། རང་ཡུལ་གྱི་རི་ཆུ་ནགས་གསུམ་དང་གཉེན་གྱི་དར་བ་རྣམ་གསུམ་གྱི་སྐོར་ལའང་བསྟོད་པ་འབུལ། ཨ་ཞང་ཚང་གིས་དེར་ཡོད་ཀྱི་སྐུ་མགྲོན་ཚང་མར་ལེགས་སྐྱེས་གྲ་སྒྲིག་བྱེད་ཅིང་། མག་པའང་གྲལ་དུ་ཚུལ་ཡོད། མག་པའི་ལེགས་སྐྱེས་ནི་དམིགས་བསལ་ཅན་ཡིན། མདའ་བཞི་ཚོ་བའི་བོད་པ་རྣམས་ཀྱིས་གཉེན་སྟོན་ནི་མི་ཚེའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ལ་བརྩི་ཞིང་།

གཉེན་སྒྲིག་གིས་ནར་སོན་པའི་གོ་རིམ་དེ་གསལ་བོར་མཚོན། དེ་བས་སྐྱེས་པ་ཚོར་སྐ་རགས་འཆིང་བ་ནི་མདའ་བཞི་ཚོ་བའི་གཉེན་སྟོན་ཁྲོད་ཀྱི་ལས་རིམ་གལ་ཆེན་ཞིག་ཡིན་ལ། མག་གསར་ལ་སྐ་རགས་བཅིངས་བ་ནས་བཟུང་ཁྱིམ་ཚང་སྐྱོང་བའི་འགན་ཁུར་ཕྲག་ཏུ་བབས་ཡོད། མདའ་བཞི་ཚོ་བའི་དགའ་རོགས་སྒྲིག་པ་དང་། གཉེན་སློང་བ། གཉེན་རྟགས་རྒྱག་པ། ཁྱིམ་ནས་སྒུག་པ། བསང་གཏོང་བ། བག་མ་བསུ་བ། འཕྲད་དུ་སྐྱེལ་བ་སོགས་གཉེན་སྟོན་ཕྱི་ནང་གི་རྣམ་པ་སྣ་མང་ཕུན་སུམ་ཚོགས་ཤིང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་ལྡན་པས། འདི་ནི་གནའ་བོའི་བོད་ཀྱི་གཉེན་སྟོན་གོམས་སྲོལ་གྱི་རྣམ་པ་རྒྱུན་འཁྱོངས་བྱས་པའི་མ་དཔེ་ལྟ་བུ་ཡིན་པར་མ་ཟད། གནའ་རབས་བོད་མི་རིགས་ཀྱི་རིག་གནས་ལ་མིའི་རིགས་རིག་པའི་ཞིབ་འཇུག་བྱ་བར་རིན་ཐང་ཆེས་ཆེར་ལྡན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1