རོང་པའི་གོར་བཤད་ནི་ཞིང་ལས་རིག་གནས་དང་ས་གནས་རང་གི་ཁྱད་ཆོས་དད་མཐུན་པའི་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བའི་ཉམས་མྱོང་ཕྱོགས་བསྡོམས་རང་བཞིན་གྱི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན། སྤྱིར་གོ་རེ་ནི་མདོ་སྨད་ཡུལ་དུ་གནའ་སྔ་མོ་ནས་དར་ཡོད་པའི་ཆས་ཤིག་ཡིན་ལ། བཟོ་རྩལ་ཕུན་སུམ་ཚོགས་ཤིང་བྲོ་བ་ཤིན་ཏུ་ལེགས་པོ་ཡོད་པའི་གོ་རེ་འདི་བཟའ་བྱ་གཞན་ལས་བཅུད་ལྡན་ཕྱིར། དམངས་ཁྲོད་ཀྱི་ཟས་རིགས་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། ད་དུང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་མཛད་སྒོ་གལ་ཆེན་དག་གི་འབུལ་དངོས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན།གོ་རེ་དུས་ནམ་ཞིག་ལ་བྱུང་བའི་ཐད་དེབ་ཐེར་ལོ་རྒྱུས་སོགས་སུ་དཔྱད་གཞི་ཡིག་ཆ་དཀོན་པས་ང་ཚོས་ཐག་གཅོད་མི་ཐུབ་མོད། འོན་ཀྱང་གནའ་སྔ་མོ་ཞིག་ནས་བྱུང་བར་གདོན་མི་ཟ། རྒྱུ་མཚན་ནི"ཐོག་མར་གོ་རེ་ནི་དམག་གི་ལམ་རྒྱག་གི་ཚུལ་དུ་བསྲེགས་པ་ཡིན་པར་འདོད་དེ། གོར་སྐྱ་གཅིག་ནི་གྲོ་ཕྱེ་རྒྱ་མ་ལྔ་ཙམ་གྱིས་བཟོས་པ་དང་། མི་གཅིག་ལ་མ་མཐའ་ཡང་ཉིན་གསུམ་བཞི་ཙམ་ལ་འདང་ཞིང་གནའ་སྔ་མོ་དམག་འཁྲུག་བྱེད་པའི་སྐབས་སུ། གཡུལ་ས་རུ་ཉི་མ་འགའ་རེ་འགོར་བས། ལག་ཏུ་བཟུང་སྟེ་ས་གང་དུ་སོང་ནས་དགྲ་ལ་འཐབ་ཚེ། ཆུ་ལུང་བ་རེ་རེ་ན་ཧ་ཅང་མོད་སྟབས་དུས་ཐོག་ཏུ་བཟོས་ན་མི་རྣམས་ལ་སྟོབས་ཤུགས་རྒྱས་ཐུབ་པས་དམག་གི་ལམ་རྒྱགས་ལ་དམིགས་ནས་བཟོས་པ་རེད།
དེང་སྐབས་ཨ་མདོ་ས་ཆའི་རོང་ཁུལ་དག་ན་གོ་རེ་བཟོ་བའི་ལག་རྩལ་ཆེ་ཆེར་དར་ཞིང་ཡུལ་འདི་དག་གི་བོད་མི་རྣམས་ནི་བཙན་པོའི་དུས་སྐབས་ཀྱི་ས་མཚམས་སྲུང་བའི་དམག་གི་རྗེས་རབས་པ་ཤ་སྟག་ཡིན་པས། དེང་སྐབས་ཀྱང་མདའ་རྩེད་ལ་དགའ་ཞིང་མདའ་རྩལ་མཁས་པོ་ཡོད། ད་ལྟ་དམངས་ཁྲོད་ན་གོ་རེ་ལ"སྤུར་རྒྱལ་བོད་ཀྱི་གསོལ་བག"ཞེས་འབོད་སྲོལ་ཀྱང་ཡོད། བཟོ་རྩལ་གྱི་ཆ་ནས་བཤད་ནའང་དེ་ནི་ཐོག་མར་ཕྱེ་སྐྱུར་དང་སྐྱ་ཕྱེ་གཉིས་མཉམ་དུ་བརྫིས་ནས་ལེབ་ལེབ་སྒོར་དབྱིབས་ཅན་ཞིག་བཟོས་རྗེས། མེ་ལ་བསྲེགས་པའི་ས་འཚིག་ཚ་མོའི་སྟེང་ལ་བཞག་ནས་འགོར་ཏེ་འཚོས་པ་ན་གོ་རེ་སྟེང་གི་མི་གཙང་བ་དང་ས་དང་འཚིག་རོ་རྣམས་བྲད་དེ་འཐུས་སོ།། དེ་བས་ཆེས་ཐབས་ཆག་གི་ཡོ་བྱད་དང་གདོད་མའི་ལག་རྩལ་འདི་དག་ལ་བསམ་གཞིགས་ཤིག་བྱེད་ཚེ་གོ་རེ་འདི་གནའ་ནས་བོད་ལ་དར་ཡོད་པ་ཤེས་ཐུབ། སྤྱིར་གོ་རེ་ནི་རོང་འབྲོག་གཉིས་ལས་རོང་ཁུལ་དུ་དར་ཁྱབ་ཆེ་བའི་ཟས་རིགས་ཤིག་ཡིན་པས་རོང་པའི་ཞིང་ལས་དམངས་སྲོལ་དང་བྲལ་ཐབས་མེད། གོ་རེ་ལ་རྒྱུའི་སྒོ་ནས་དབྱེ་ན་གྲོ་ཕྱེའི་གོ་རེ་དང་ནས་ཕྱེའི་གོ་རེ་གཉིས་སུ་འདུས་ལ། གོ་རེ་བཤད་པ་འདི་ལ་མཚོན་ན་འབྲུ་དྲུག་ནས་ཀྱི་བཤད་པ་ནང་བཞིན་ཞིང་ལས་ཐོན་སྐྱེད་ཀྱི་ཉམས་མྱོང་ཆ་ཚང་ཞིག་བརྒྱུད་བསྒྲགས་བྱས་ཡོད་པར་མ་ཟད། གོ་རེ་བཟོ་ཚུལ་གྱི་བརྒྱུད་རིམ་ཆ་ཚང་བ་ཞིག་ཀྱང་བརྗོད་ཡོད་དོ།།དེ་ཡང་ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་རྫོགས་ཏེ་དཔྱིད་རྨོ་འདེབས་དང་དབྱར་ཞིང་གཉེར། སྟོན་ཡོང་སྡུད་དང་དགུན་ལུད་གསོག་བཅས་བཞི་ལས་གཙོ་བོ་ས་ཞིང་རྨོ་འདེབས་དང་སྟོན་ཞིང་སྡུད་ཚུལ་གྱི་དཔེ་མཚོན་ཙམ་དྲངས་ན་འདི་ལྟ་སྟེ"……ད་ངས་གོ་རེ་འདིའི་ལོ་རྒྱུས་བྱུང་བ་ཞིག་བཤད་ན། ས་དོག་མོའི་དྲོད་ཁོག་དྲོས་དུས་ན། ཆུ་གཙང་མོ་ཆབ་རོམ་བཞུ་དུས་ན། ཞིང་ས་འཚིག་སྨན་ཆུ་གཏོར་གཏོར་བྱས། ས་བོན་ཆར་བ་འབབ་འབབ་བྱེད་གི། མཛོ་ཁྱུང་དཀར་གཉའ་ལ་སྐེ་ཤིང་བཞག་ནས། མཐོང་རྣོན་པོ་ས་གཞིའི་སྟེང་ལ་འཛུགས་གི……ཞིང་བཏབ་ཐལ་བཏབ་ཐལ་ཟེར་དུས་ན། བྱ་བྱེའུ་ནག་ཆུ་ལ་རྐྱལ་རྐྱལ་བྱེད་གི། ཞིང་སྐྱེས་གཟིགས་སྐྱེས་གཟིགས་ཟེར་དུས་ན། ཆུ་ཆེན་མོ་ཡུར་མོ་རྒྱུགས་རྒྱུགས་བྱེད་གི། ཤོག་རྒྱབ་ཐལ་རྒྱབ་ཐལ་ཟེར་དུས་ན། བྱ་རྒོད་པོ་གཟེབ་ལ་བཅུམ་བཅུམ་བྱེད་ཀི། ད་བོང་བུ་ཀ་མ་ཀུམ་མ་བཀའ་སྲོལ་ཡག་གི། གཡུལ་ཁ་ཀ་མ་གོར་ལ་གཏོང་སྲོལ་ཡག་གི། རྡོ་རིལ་མཐའ་དཀྱིལ་མེད་ལ་འདེད་སྲོལ་ཡག་གི……གསོན་པའི་ཁེམ་གྱིས་ངུར་རྒྱངས་བྱེད་གི། སྐྱི་བསེར་རླུང་གིས་དབྱེ་བ་འབྱེད་གི།……མ་འཁྱབ་མའི་འཁྱབ་གཞིས་ནང་ལ་འཁྱབ་སྲོལ་ཡག་གི། གདན་དཀར་གྲུ་བཞི་སྟེང་ལ་གདལ་སྲོལ་ཡག་གི། འཛམ་གླིང་ཉི་མ་སེར་པོས་སྐམ་སྲོལ་ཡག་གི། གསོམ་དཀར་ཤིང་གི་སྒམ་ནང་ལ། འབྲུ་རིགས་རི་ལྟར་སྤུང་སྤུང་བྱས། ཕྱིས་སུ་རྡོ་རིང་ཁ་ལ་འཐག་གི་སོང་གཟིགས། ཕྱེ་འཐག་ཐལ་འཐག་ཐལ་ཟེར་དུས་ན། དགུན་ཁའི་ཁངས་སྐྱ་འབབ་འབབ་བྱས། གཡས་སུ་འཁོར་ནས་གསེར་ཕྱེ་འབབ་གི། གཡོན་དུ་འཁོར་ནས་དངུལ་ཕྱེ་འབབ་གི། མདུན་ལ་འཁོར་ནས་དུང་ཕྱེ་འབབ་གི།"ཞེས་གོ་རེ་བཟོ་བྱེད་ཀྱི་རྒྱུ་གཙོ་བོ་གྲོ་ནི་དཔྱིད་ཁའི་དུས་སུ་ས་འཚིག་གཏོར་བ་དང་ས་བོན་འདེབས་པ། ཆུ་འདྲེན་པ། སྟོན་ཁའི་དུས་སུ་འབྲས་བུ་ལེན་པ་སྟེ་ཞིང་འབྲེག་པ། གཡུལ་ཁའི་ནང་ལ་ཤོག་སྐྱེལ་བ། རྟ་དྲེལ་སོགས་ཀྱིས་རྡོ་རིལ་དྲུད་ནས་གཡུལ་གཅོག་པ། དེ་ནས་འབྲུ་རླུང་ལ་འཕྱར་བྱེད་ཀྱི་ཁེམ་དང་འཁྱབ་མའི་འབྲུ་དང་འབྲུ་ཤུན་སོ་སོར་འབྱེད་པ། ཉི་མར་སྐམ་ནས་མཛོད་དུ་ཉར་བ། མཐར་མར་ཆུ་རྡོའི་རང་འཐག་ལ་བརྟེན་ནས་ཕྱེ་འཐག་པ་སྟེ། གྲོ་ཡི་ཕྱི་ཤུན་དང་མཉམ་དུ་བསྲེས་པའི་གསེར་ཕྱེ་དངུལ་ཕྱེ་དང་། ཕྱེ་ཡི་ཉིང་བཅུད་དུང་ཕྱེ་དཀར་མོ་ཞེས་གོ་རེ་བཅའ་བྱེད་ཀྱི་གྲོ་ཕྱེ་ལས་སྣོན་བྱེད་ཚུལ་གསལ་བོར་བཀོད་ཡོད། གོ་རེ་དངོས་བཟོ་བའི་གོ་རིམ་ལའང"ད་ཕྱེ་རྫིས་ཐལ་རྫིས་ཐལ་ཟེར་དུས་ན། སྤྲིན་དཀར་པོ་ཁ་ལོ་བསྐྱིལ་བསྐྱིལ་བྱེད་གི། ཕྱེ་སྙལ་ཐལ་སྙལ་ཐལ་ཟེར་དུས་ན། མ་ཡིས་བུ་ཆུང་སྙལ་སྙལ་བྱེད་གི། ཕྱེ་ལང་ཐལ་ལང་ཐལ་ཟེར་དུས་ན། སྤྱང་མའི་ལུ་གུ་བཀའ་བཀའ་བྱེད་གི། གོ་རེ་བཅོས་ཐལ་བཅོས་ཐལ་ཟེར་དུས་ན། བྱ་ངང་བ་མཚོ་ལ་རྐྱལ་འདྲ་རེད། གོ་རེ་སྲེག་ཐལ་སྲེག་ཐལ་ཟེར་དུས་ན། བྱ་རྒོད་པོ་གཤོག་རྒྱངས་བྱས་འདྲ་རེད། གོ་རེ་གྲལ་ལ་བཞག་དུས་ན། བན་ཆུང་གྲལ་ལ་བསྒྲིག་འདྲ་རེད་ཟེར་རྒྱུ། ཞེས་ཐོག་མར་ཕྱེ་སྐྱུར་བསྒྲུངས་བ།
དེ་ནས་སྐྱུར་རྣམས་ལངས་ཚེ་དུམ་བུ་དུམ་བུར་བགོས་ཏེ་སྐྱ་ཕྱེ་དང་མཉམ་དུ་བརྫིས་ནས་ལེབ་ལེབ་སྒོར་དབྱིབས་ལྟ་བུར་བཟོས་ནས་ས་འཚིག་སྙོམས་པར་རྡུང་བའི་སྟེང་དུ་བཞག་ཐོག་དུས་ཚོད་ངེས་ཅན་ཞིག་འགོར་རྗེས་གོ་རེའི་དེའི་སྟེང་ཕྱོགས་དེད་མཐའ་ཁ་མེ་ཡིས་འཚིགས་པ་རྣམས་རྡོ་རྩུབ་པོ་ལག་ཏུ་འཆིང་བུར་བཟུང་སྟེ་བྲད་རྗེས་གཙང་མར་བཟོས་ནས་ཡོངས་སུ་གྲུབ་པ་ལ། རྟགས་རྟེན་འབྲེལ་མཚོན་པའི་གོ་རེ་དབྱིབས་སྒོར་མོ་ཅན་དང་བུ་མོ་གནས་ལ་འགྲོ་བའི་གོ་རེ་སྣ་གཅུ་ཅན། དགོན་སྡེ་མཆོད་འབུལ་བྱེད་པའི་གོ་རེ་ནོར་བུ་དགའ་འཁྱིལ་སོགས་མང་དུ་མཆིས་སོ།། སྤྱིར་གོ་རེ་ལ་རླངས་བཅོས་སྣུམ་བཙོས་སོགས་རིགས་མི་འདྲ་བ་ཡོད་ཀྱང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་སྤྱོད་སྒོ་ཆེས་ཆེ་བ་ནི་གོར་སྐྱ་ཡིན་ཏེ། གོར་སྐྱ་ནི་ས་འཚིག་གི་ནང་དུ་བསྲེགས་པའི་རྐྱེན་གྱིས་དུག་རླངས་སེལ་བ་དང་། ཟོས་ན་ཕོ་བར་མི་གནོད་པ། བྲོ་བ་ཞིམ་པ། འཇུ་སླ་བ། བཅུད་ཡོད་པ་སོགས་ཀྱི་དགེ་མཚན་མང་དུ་ལྡན་ནོ།། རང་རེའི་སོ་ནམ་པ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གོར་བཤད་འདིར་མཚོན་ན་རོང་བའི་འཚོ་བ་མཚོན་ཡོད་པར་མ་ཟད་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་གི་རིག་གནས་ཤིག་ཀྱང་མཚོན་ཡོད།།