ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་ཐོག་གསུང་བཤད་གལ་ཆེན་གནང་།

ཡིག་སྒྱུར། བདེ་སྐྱིད། གཡུ་སྒྲོན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-21


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་18ཉིན་གྱི་སྔ་དྲོ་པར་ཙིར་གྱི་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་གནང་ཡོད།

དབུ་ཚོགས་ཀྱི་དུས་མཚམས་དང་པོར“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད”ཅེས་པའི་གྲོས་གཞིར་གྲོས་བསྡུར་གནང་སྐབས། ཞི་ཅིན་ཕིང་གིས《ཐུན་མོང་ཐོག་གོང་འཕེལ་འགྲོ་བའི་དྲང་བདེན་གྱི་འཛམ་གླིང་ཞིག་བསྐྲུན་དགོས།》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས། དེང་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད་པས། མིའི་རིགས་ཀྱི་གོང་འཕེལ་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་སྔར་བྱུང་མྱོང་མེད་པ་ཞིག་ཡིན། འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་གཙོ་བོའི་འགོ་ཁྲིད་པ་ཞིག་ཡིན་པའི་ངོས་ནས། ང་ཚོར་དཀའ་ངལ་དང་འགྲན་སློང་འཕྲད་དུས་ཁ་གཏད་གཅོག་པ་དང་ཁྱད་བསད་བྱེད་པའི་བློ་སྟོབས་ཡོད་དགོས་པ་དང་། ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཟུང་སྟེ། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་བ་དང་ལོ་རྒྱུས་ཀྱི་རང་འགུལ་མངོན་པའི་ཐོག་ནས་ལོ་རྒྱུས་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་གཙོ་གཉེར་བྱེད་སྐབས། འཕེལ་རྒྱས་ཀྱི་གྲོས་གཞི་དེ་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་གྱི་ལྟེ་བའི་གནས་བབ་ཐོག་ཐོག་མར་བཞག་པ་དང་། ད་ཐེངས་ཀྱི་ལི་ཡུའེ་རེ་ནེ་ལུའུ་ཡི་དབུ་ཚོགས་ཐོག“དྲང་བདེན་གྱི་འཛམ་གླིང་དང་རྒྱུན་མཐུད་རུང་བའི་སྐར་མའི་གོ་ལ་ཞིག་གཏོད་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པ་དང་འབྲེལ“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད་པའི་གོ་ལ་ཧྲིལ་པོའི་མནའ་འབྲེལ”འཛུགས་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད། ཧང་ཀྲོའུ་ནས་ལི་ཡུའེ་རེ་ནེ་ལུའུ་ཡི་བར། ང་ཚོས་དམིགས་ཚད་གཅིག་གི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་དེ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དྲང་བདེན་གྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན།

འཛམ་གླིང་འདི་འདྲ་ཞིག་འཛུགས་སྐྲུན་བྱ་ཆེད། ང་ཚོས་ཉོ་ཚོང་མ་འཇོག་དང་གོང་སྤེལ་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་ཁུངས་ཀྱི་གཏོང་སྒོ་མང་དུ་གཏོང་བ་དང་གོང་སྤེལ་ལས་ཁུངས་སྟོབས་ལྡན་འཛུགས་པ། མཉམ་ལས་ཀྱི་ཟམ་པ་མང་ཙམ་འཛུགས་པ། “ར་སྐོར་གྱང་བརྩེགས་”མང་པོ་མི་བྱེད་པ་བཅས་ཀྱི་ཐོག་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་བ་ཞིག་འཚོ་བ་སྐྱིད་པོར་རོལ་ཐུབ་པ་དང་དེང་རབས་ཅན་མངོན་འགྱུར་ཐུབ་པར་བྱེད་དགོས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་རུང་བའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སྤྱོད་པར་རྒྱབ་སྐྱོར་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བརླག་འགྲོ་བ། ཁོར་ཡུག་སྦགས་བཙོག་སོགས་ཀྱི་འགྲན་སློང་བཅས་ལ་ཁ་གཏད་འོས་འཚམ་གཅོག་པ། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པ་བཅས་ཀྱིས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བྱ་དགོས། སྒོ་དབྱེ་དང་ཁོང་ཡངས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁོར་ཡུག་གཏོད་པ་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ལག་རྩལ་གསར་པ་དང་ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་ཀྱིས་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ལ་ནུས་པ་སྤྲོད་ཐུབ་པ་བྱེད་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དག་གྲངས་འཛིན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་གོང་འཕེལ་གྱི་རླབས་རྒྱུན་ནང་དེ་བས་ལེགས་པའི་ངང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས། ལྷོ་བྱང་དབར་གྱི་ཧེ་བག་ཆུང་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་འཕེལ་རྒྱས་ནི་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོར་དབུལ་ཕོངས་མི་འབོར་དུང་ཕྱུར་8ཚང་མ་དབུལ་གྲོལ་ཐུབ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་རུང་བའི་གོང་འཕེལ་གྲོས་རིམ་གྱི་དབུལ་ཕོངས་ཉུང་གཏོང་གི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། གྲུབ་འབྲས་འདི་དག་ནི་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱིས་བཏོད་པ་ཞིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“དབུལ་ཕོངས་ས་ཁུལ་གཅིག་དང་དབུལ་ཕོངས་མང་ཚོགས་གཅིག་ཀྱང་མི་ལུས་པའི”བརྗིད་ཉམས་ལྡན་པའི་ཁས་ལེན་བྱས་ཡོད། གནད་འཕིགས་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་ཁྲོད་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད། ཀྲུང་གོའི་དབུལ་སྒྲོལ་ལོ་རྒྱུས་ལམ་བུའི་ཐོག་ནས། ཆུ་ཐིགས་བསགས་ནས་རྡོ་ལ་ཨི་ཁུང་འབིགས་པའི་དཔེ་ལྟར་འཆར་གཞི་གཅིག་དོན་འཁྱོལ་མཐར་ཕྱིན་བྱེད་པའི་སེམས་ཤུགས་བརྟན་པོ་དང་སྙིང་རུས་ཆེན་པོ། འབད་འཐབ་སྙིང་སྟོབས་བཅས་ལ་བརྟེན་ན། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱ་ཐུབ་སྲིད་པ། ཉམས་ཞན་འདབ་ཆགས་ཀྱང་སྔོན་ལ་འཕུར་ཐུབ་པ་དང་མཐོ་སར་འཕུར་ཐུབ་པ་བཅས་མངོན་ཡོད། ཀྲུང་གོར་རྒྱལ་ཁ་ཐོབ་པ་བཞིན་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་དེ་བཞིན་དུ་རྒྱལ་ཁ་ཐོབ་ཐུབ། འདི་ནི་ཀྲུང་གོས་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་འཛམ་གླིང་གི་དོན་སྙིང་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བློས་འགེལ་ཆོག་པའི་ཡུན་རིང་གི་མཉམ་ལས་རོགས་ཟླ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་གོང་འཕེལ་བྱ་གཞག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བྱ་བ་སྒྲུབ་མཁན་ཞིག་དང་ལག་ལེན་པ་ཞིག་ཀྱང་ཡིན་པས། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོས་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་བ་སྟེ།

དང་པོ། ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། ལངས་གཟུགས་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་མུ་མཐུད་བསྐྲུན་པ་དང་། ལྗང་མདོག་དར་གོས་ལམ་བུས་སྣེ་ཁྲིད་དེ། གྲངས་འཛིན་དར་གོས་ལམ་བུར་ནུས་པ་འདོན་སྤྲོད་བྱ་རྒྱུ་དང་།

གཉིས་པ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིབ་འཇུག་ལྟེ་གནས་ཡག་པོ་བསྐྲུན་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། དབུལ་ཕོངས་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ།

གསུམ་པ། ཨ་ཧྥེ་རི་ཁ་གླིང་གི་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ནས་འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ། དེའི་ཐད་མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ།

བཞི་པ། དབུལ་ཕོངས་ཉུང་གཏོང་དང་འབྲུ་རིགས་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོས“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད་པའི་གོ་ལ་ཧྲིལ་པོའི་མནའ་འབྲེལ”ནང་ཞུགས་རྒྱུའི་ཐག་བཅད་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོང་འཕེལ་པུའུ་ཀྲང་ཚོགས་འདུ་མུ་མཐུད་འཚོགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ། རྒྱལ་སྤྱིའི་འབྲུ་རིགས་གྱོང་གུན་ཉུང་འཕྲིའི་ཚོགས་ཆེན་མུ་མཐུད་གཙོ་གཉེར་བྱ་རྒྱུ།

ལྔ་པ། ཀྲུང་གོས་པར་ཙིར་དང་། ལྷོ་ཨ་ཧྥེ་རི་ཁ། ཨ་ཧྥེ་རི་ཁ་མནའ་འབྲེལ་བཅས་དང་མཉམ་དུ“སྒོ་དབྱེའི་ཚན་རིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་འགོ”བཏོན་ནས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་གོ་ལ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ།

དྲུག་པ། རྒྱལ་ཁབ་ཉི་ཤུ་ཚོགས་པས་གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་བདེ་སྐྱིད་སྐྲུན་པའི་དངོས་སྒྲུབ་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། པེ་ཅིང་དུ་བཙུགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལས་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ། ཕྱོགས་ཁག་གིས་གྲངས་འཛིན་སློབ་གསོ་དང་། རྟེན་རྫས་བཤམས་མཛོད་ཁང་གི་གྲངས་འཛིན་ཅན། གནའ་གཞུང་གྲངས་འཛིན་ཅན་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

བདུན་པ། རྒྱལ་ཁབ་ཉི་ཤུ་ཚོགས་པའི“རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་འཆར་གཞི”དོན་འཁྱོལ་བྱས་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་བྲོས་བྱོལ་རྗེས་སྙེག་དང་བརྐུས་དངུལ་ཚུར་ལེན་དང་། རུལ་སུངས་ཉེན་གཡོལ་བྱེད་ས་མེད་པར་བཟོ་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ།

བརྒྱད་པ། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། དར་རྒྱས་ཞན་ཤོས་རྒྱལ་ཁབ་ལ་ཕྱོགས་རྐྱང་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་ཞན་ཤོས་ཀྱི་རྒྱལ་ཁབ་ཡོངས་ལ་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་བརྒྱ་ཆ་100ལ་དཔྱ་ཁྲལ་མི་ལེན་པའི་ཐོབ་ཐང་སྤྲོད་རྒྱུ་བཅས་ཡིན།

ཞི་ཅིན་ཕིང་གིས་མཇུག་ཏུ། ལེ་དབར་སྟོང་སར་འགྲོ་རྒྱུ་དེ། གོམ་པ་རེ་རེ་སྤོས་ནས་སླེབས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་བྱ་སྤྱོད་སྤེལ་ཏེ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དྲང་བདེན་གྱི་འཛམ་གླིང་ཞིག་བསྐྲུན་ནས། དབུལ་ཕོངས་དེ་འདས་དོན་དུ་འགྱུར་བ་དང་། ཕུགས་འདུན་བཟང་པོ་དེ་དངོས་ཡོད་དུ་འགྱུར་བ་བྱེད་འདོད་ཡོད་ཅེས་བསྟན་ཡོད།

པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

དབུ་ཚོགས་མ་འཚོགས་གོང་། ཞི་ཅིན་ཕིང་ཚོགས་ཞུགས་འགོ་ཁྲིད་པ་དང་ལྷན་དུ་པར་ཙིར་གྱིས་གྲོས་འགོ་བཏོན་པའི“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད་པའི་གོ་ལ་ཧྲིལ་པོའི་མནའ་འབྲེལ”འཛུགས་རྒྱུའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1